ཟླ4པའི་ཚེས19ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཨིན་ཀུའེ་མཱ་ལ་གློག་འཕྲིན་བཏང་ནས། ཁོ་ཀ་ཕིན་སྤྱི་མཐུན་རྒྱལ་ཁབ་ཀྱི་ཙུང་ཐུང་ལ་བདམས་པར་རྟེན་འབྲེལ་ཞུས།
ཞི་ཅིན་ཕིང་གིས་བསྟན་དོན། ཀྲུང་གོ་དང་ཀ་ཕིན་བར་དུ་སྲོལ་རྒྱུན་གྱི་མཛའ་བརྩེ་ཟབ་མོ་ལྡན། ཉེ་བའི་ལོ་འགའི་རིང་། རྒྱལ་ཁབ་གཉིས་ཀྱི་ཆབ་སྲིད་ཡིད་རྟོན་སྔར་ལས་ཇེ་དྲག་ཏུ་ཕྱིན་པ་དང་། ཁྱབ་ཁོངས་སོ་སོའི་མཉམ་ལས་ཐད་གྲུབ་འབྲས་གཡུར་དུ་ཟ་བ་བླངས་ཤིང་། ཕན་ཚུན་གྱི་ཁེ་ཕན་གཙོ་བོ་དང་དོ་ཁུར་བྱེད་པའི་གནད་དོན་གལ་ཆེན་ཐད་བློ་རྩ་བརྟན་པོས་ཕན་ཚུན་ལ་རྒྱབ་སྐྱོར་བྱེད་ཀྱིན་ཡོད། ངས་ཀྲུང་གོ་དང་ཀ་ཕིན་གྱི་འབྲེལ་བ་འཕེལ་རྒྱས་འགྲོ་བར་མཐོང་ཆེན་ཚད་མེད་བྱེད་བཞིན་ཡོད་ལ། ཙུང་ཐུང་ཨིན་ཀུའེ་མཱ་དང་མཉམ་དུ་འབད་པ་བྱས་ཏེ། ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མཉམ་ལས་གླེང་སྟེགས་པེ་ཅིང་རྩེ་ཚོགས་ཀྱི་གྲུབ་འབྲས་དོན་འཁྱོལ་བྱེད་པ་གོ་སྐབས་སུ་བརྩིས་ནས། རྒྱལ་ཁབ་གཉིས་ཀྱི་ཕྱོགས་ཡོངས་ཀྱི་འཐབ་ཇུས་མཉམ་ལས་གྲོགས་པོའི་འབྲེལ་བ་ཇེ་དམ་དུ་འགྲོ་བར་སྐུལ་འདེད་གཏོང་བ་དང་། རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་སྔར་ལས་བདེ་སྐྱིད་བསྐྲུན་འདོད་ཡོད།
ལྷ་མོ་འཚོས་བསྒྱུར།