ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཞིང་ཆེན་ཡོངས་ཀྱི་ཁོར་ཡུག་གནས་ཚུལ་དང་ཁོར་ཡུག་སྲུང་སྐྱོབ་དམིགས་འབེན་ལེགས་འགྲུབ་གནས་ཚུལ་གྱི་ཆེད་དོན་རྟོག་ཞིབ་སྤེལ།
2025.04.22 ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 0

ཟླ4ཚེས17ཉིན། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཞིང་ཆེན་དམངས་ཆེན་གྱི་འཐུས་མི་དང་། ཁོར་ཡུག་ཐོན་ཁུངས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཁ་ཤས་རྩ་འཛུགས་བྱས་ཏེ། ཞིང་ཆེན་ཡོངས་ཀྱི་ཁོར་ཡུག་གནས་ཚུལ་དང་ཁོར་ཡུག་སྲུང་སྐྱོབ་དམིགས་འབེན་ལེགས་འགྲུབ་གནས་ཚུལ་ལ་དམིགས་ཏེ་ཆེད་དོན་རྟོག་ཞིབ་སྤེལ་ནས། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི2024ལོའི་ཞིང་ཆེན་ཡོངས་ཀྱི་ཁོར་ཡུག་སྙན་ཞུར་ཉན་པ་དང་དེར་གྲོས་ཞིབ་བྱེད་པར་གྲ་སྒྲིག་བྱས།

རྟོག་ཞིབ་ཚན་ཆུང་ཟླ་གསུམ་པའི་ནང་དུ་མཚོ་ཤར་གྲོང་ཁྱེར་གྱི་ས་ཁུལ་ཁ་ཤས་སུ་སོང་ནས་རྟོག་ཞིབ་བྱས་པའི་རྨང་གཞིའི་སྟེང་། ཟི་ལིང་གྲོང་ཁྱེར་ཏུང་ཁྲོན་བཟོ་ལས་གླིང་ཁུལ་དང་། ཟི་ལིང་རྒྱལ་ཁབ་རིམ་པའི་དཔལ་འབྱོར་ལག་རྩལ་གསར་སྤེལ་ཁུལ་གྱི་སྐྱེ་དངོས་གླིང་ཁུལ། རྨ་ཆུའི་སྟོད་རྒྱུད་ཆུ་གློག་གསར་སྤེལ་ཚད་ཡོད་འགན་འཁྲིའི་ཀུང་ཟིའི་ཟི་ལིང་ཉི་འོད་ནུས་པའི་གློག་ཤུགས་ཡན་ལག་ཀུང་ཟི། མཚོ་སྔོན་ནོ་ཏི་རྒྱུ་ཆ་གསར་བ་ཚད་ཡོད་ཀུང་ཟི། མཚོ་སྔོན་ཇོ་མོ་གླང་མ་དབྱར་རྩྭ་སྨན་རྫས་སྡེ་ཚོགས་ཚད་ཡོད་ཀུང་ཟི་སོགས་ཁེ་ལས་སུ་སོང་སྟེ། ཡུལ་དངོས་ནས་རྫབ་རླངས་བཅོས་སྐྱོང་དང་། བཙོག་ཆུ་ཐག་གཅོད། སྲ་གཟུགས་སྙིགས་རོ་ཐག་གཅོད་སོགས་ཀྱི་གནས་ཚུལ་ལ་རྒྱུས་ལོན་བྱས། ཁེ་ལས་ཀྱི་འགན་ཁུར་མི་སྣ་དང་། ལས་ཡུལ་དང་པོའི་ལས་བཟོ་བ། ལག་རྩལ་མི་སྣ། སྤུས་ཚད་དོ་དམ་མི་སྣ་སོགས་དང་བརྗེ་རེས་ཟབ་མོ་བྱས་ཏེ། བསམ་ཚུལ་དང་གྲོས་གཞི་བསྡུ་ལེན་བྱས་པ་དང་། གཞི་རིམ་མང་ཚོགས་ཀྱི་བྲེལ་དཀའ་ཁྲེལ་སྒུག་གི་གནད་དོན་དང་ཁེ་ལས་ཀྱི་དགོས་གཏུག་གནད་དོན་གསལ་བོར་རྟོགས་པར་བྱས་ནས། སློབ་སྦྱོང་སློབ་གསོ་གཏིང་ཟབ་ཏུ་སྤེལ་བ་དང་ལག་བསྟར་གྲུབ་འབྲས་ཐོབ་པར་སྐུལ་འདེད་བཏང་།

རྟོག་ཞིབ་ཚན་ཆུང་གིས་བསྟན་དོན། སྲིད་གཞུང་འབྲེལ་ཡོད་སྡེ་ཁག་གིས་ཆབ་སྲིད་ཀྱི་ལངས་གནས་སྔར་ལས་ཇེ་མཐོར་བཏང་སྟེ། ཏང་ཀྲུང་དབྱང་དང་། ཞིང་ཆེན་ཏང་ཨུའི་ཇུས་ཆོད་བཀོད་སྒྲིག་གལ་ཆེན་མཐའ་གཅིག་ཏུ་དངོས་འབེབས་བྱེད་དགོས་ལ། སྐྱེ་ཁམས་ཁོར་ཡུག་ཐོན་ཁུངས་ཁྱབ་ཁོངས་ཀྱི་བཅའ་ཁྲིམས་ཁྲིམས་སྲོལ་དང་གཏན་འབེབས་གཞིར་འཛིན་པ་དང་། མཚོ་སྔོན་གྱི་དོན་དངོས་ལ་རྐང་འཛུགས་པ། གྲུབ་འབྲས་སྤྱི་བསྡོམས་དང་གནས་པའི་གནད་དོན་ལ་ཡང་དག་པར་བལྟ་བ།  བྱ་བའི་གཙོ་གནད་འབུར་དུ་དོད་པ་དང་ཕྱོགས་སོ་སོའི་བསམ་ཚུལ་བསྡུ་ལེན་བྱས་ནས། ཚད་དང་ལྡན་ལ་ཡང་དག་པ། ཁྱད་ཆོས་ལྡན་ཞིང་དངོས་ཐོག་བདེན་འཚོལ་ཡིན་པའི་སྤུས་ཚད་མཐོ་བའི་ཁོར་ཡུག་སྙན་ཞུ་ཞིག་གྲུབ་པར་འབད་པ་བྱས་ཏེ། ལས་རིགས་སོ་སོའི་སེམས་ཁུར་ལ་ཨ་ལན་སྤྲོད་པ་དང་། དུས་མཉམ་དུ། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་ཁ་གཏད་རང་བཞིན་དྲག་ཅིང་། ཚན་རིག་རང་བཞིན་ལྡན་པའི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་སྲིད་ཇུས་གཏན་འབེབས་བྱས་ནས་རྨང་རྐང་བརྟན་པོར་གཏོང་བ་དང་། རང་ཞིང་གི་སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་བསྐྲུན་པ་དང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་བྱ་བ་གཏིང་ཟབ་ནས་གཏིང་ཟབ་ཏུ་སྤེལ་བར་མུ་མཐུད་སྐུལ་འདེད་གཏོང་དགོས།

རིག་འཛིན་སྒྲོལ་མས་བསྒྱུར།