ཝུའུ་ཞའོ་ཅུན་གྱིས་ཀྲུང་གོར་སྡོད་པའི་འཇར་མན་དང་ཧྥ་རན་སིའི་གཞུང་ཚབ་པར་ཐུག་འཕྲད་བྱས།
2025.04.23 ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 0

ཟླ4པའི་ཚེས22ཉིན། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཝུའུ་ཞའོ་ཅུན་གྱིས་ཟི་ལིང་དུ་ཀྲུང་གོར་སྡོད་པའི་འཇར་མན་གྱི་གཞུང་ཚབ་པ་ཧྥུའུ་རུང་དང་ཧྥ་རན་སིའི་གཞུང་ཚབ་པ་པའེ་ཡུས་ཐང་ལ་ཐུག་འཕྲད་བྱས།

ཝུའུ་ཞའོ་ཅུན་གྱིས་མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་སྲིད་གཞུང་གི་ཚབ་བྱས་ནས་ཧྥུའུ་རུང་དང་པའེ་ཡུས་ཐང་སོགས་ལ་དགའ་བསུ་ཞུས།   ཁོས་བསྟན་དོན། མཚོ་སྔོན་ནི་སའི་གོ་ལའི་སྣེ་གསུམ་པར་ཆགས་པ་དང་སྐྱེ་ཁམས་ཀྱི་གནས་བབ་གལ་ཆེ་ཞིང་དམིགས་བསལ་ཡིན་ལ།    ཐོན་ཁུངས་དང་ནུས་ཁུངས་ཧ་ཅང་ཕུན་སུམ་ཚོགས་པ་དང་། མི་རིགས་སོ་སོ་འགྲོ་འོང་དང་བརྗེ་རེས། མཉམ་འདྲེས་བྱས་ཡོད། མིག་སྔར། ཞིང་ཆེན་ཡོངས་ཀྱི་གོང་འོག་ཚང་མས་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཁྲིད་སྟོན་གནང་བའི་ཁ་ཕྱོགས་དེད་ནས་བློ་བརྟན་འགྱུར་མེད་ངང་མདུན་སྐྱོད་བྱས་ཏེ།    མཚོ་སྔོན་གྱི་སྐྱེ་ཁམས་སྲུང་སྐྱོབ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་མགྱོགས་མྱུར་སྒོས་སྐུལ་འདེད་བཏང་ནས། ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སུ་སྒོ་འབྱེད་པར་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བ་དང་། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་མཚོ་སྔོན་གྱི་ལེའུ་ནུས་ཤུགས་ཡོད་རྒུས་འབྲི་བཞིན་ཡོད། མཚོ་སྔོན་གྱིས་འཇར་མན་དང་ཧྥ་རན་སི་རྒྱལ་ཁབ་གཉིས་ཀྱི་ས་ཁུལ་སོ་སོའི་བར་གྱི་ནམ་ཟླའི་འགྱུར་ལྡོག་དང་ནུས་ཁུངས་གཙང་མ། དཔལ་འབྱོར་ཉོ་ཚོངའགྲོ་འོང་།    མི་གཞུང་བརྗེ་རེས་སོགས་ཀྱི་མངའ་ཁོངས་ཀྱི་མཉམ་ལས་རྒྱུན་ཆད་མེད་པར་གཏིང་ཟབ་ཏུ་བཏང་སྟེ། ཀྲུང་གོ་དང་འཇར་མན་བར་གྱི་འབྲེལ་བ་དང་། ཀྲུང་གོ་དང་ཧྥ་རན་སི་བར་གྱི་འབྲེལ་བ། ཀྲུང་གོ་དང་ཡོ་རོབ་བར་གྱི་འབྲེལ་བ་བཅས་གོང་འཕེལ་དུ་གཏོང་བར་མཚོ་སྔོན་གྱི་བྱས་རྗེས་འཇོག་རྒྱུ་ཡིན།

ཧྥུའུ་རུང་དང་པའེ་ཡུས་ཐང་གིས་བསྟན་དོན། མཚོ་སྔོན་གྱིས་ལྗང་མདོག་ཐཱན་ཉུང་འཕེལ་རྒྱས་ཀྱི་ཐབས་ལམ་གསར་པ་དང་སྐྱེ་དངོས་སྣ་མང་རང་བཞིན་སོགས་ཁྱབ་ཁོངས་ལ་དཔེ་སྟོན་སྣེ་ཁྲིད་ཀྱི་ནུས་པ་འདོན་བཞིན་ཡོད་ལ། ཀུན་གྱིས་མཐོང་ཐུབ་པའི་གྲུབ་འབྲས་བཟང་པོ་བླངས་ཡོད། འཇར་མན་དང་ཧྥ་རན་སི་དང་མཚོ་སྔོན་གྱི་ཁྱབ་ཁོངས་སོ་སོའི་མཉམ་ལས་ལ་གཏིང་ཤུགས་ཧ་ཅང་ཆེན་པོ་ལྡན་པས། ཁྱབ་ཁོངས་མང་པོའི་ཐོན་ལས་འབྲེལ་མཐུད་ལ་སྔར་ལས་ཤུགས་སྣོན་པ་དང་བརྗེ་རེས་མཉམ་ལས་གཏིང་ཟབ་ཏུ་གཏོང་རྒྱུར་རེ་སྒུག་བྱེད་ཀྱིན་ཡོད།

འཚམས་འདྲི་བྱེད་སྐབས། ཧྥུའུ་རུང་། པའེ་ཡུས་ཐང་སོགས་ཀྱིས་མཚོ་སྔོན་ཞིང་ཆེན་གྱི་དག་གཙང་ནུས་ཁུངས་དང་ལྗང་མདོག་རྩིས་ནུས་བཀོད་གཏོང་ལྟེ་གནས་དང་། མཚོ་སྔོན་ཞིང་ཆེན་རང་བྱུང་ཐོན་ཁུངས་རྟེན་མཛོད་ཁང་སོགས་སུ་ལྟ་སྐོར་བྱས་པ་མ་ཟད།    ད་དུང་མཚོ་ལྷོ་ཁུལ་ཉི་གློག་ཐོན་ལས་གླིང་ཁུལ་དང་མཚོ་སྔོན་པོ་སོགས་སུ་ལྟ་སྐོར་དང་རྟོག་ཞིབ་བྱས་ཏེ། མཚོ་སྔོན་གྱི་ལྗང་མདོག་ཐཱན་ཉུང་འཕེལ་རྒྱས་གྱི་ལག་ལེན་དང་སྲོལ་རྒྱུན་རིག་གནས་སྲུང་སྐྱོབ་དང་གསར་གཏོད་ཀྱི་གྲུབ་འབྲས་དངོས་སུ་ཉམས་ལེན་དང་དེར་རྒྱུས་ལོན་བྱས།

ཀྲུའུ་ཞང་ཧྥིན་དང་ཝང་ཧའེ་ཧུང་ཐུག་འཕྲད་ལ་ཞུགས།

ཤ་བོ་རིན་མཚོས་བསྒྱུར།