ཞིང་ཆེན་སྲིད་གྲོས་ཀྱིས་རིམ་པ་བཞིའི་སྲིད་གྲོས་ཨུ་ཡོན་གྱི་འོས་འགན་སྡོང་འཛུགས་བྱ་འགུལ་སྤེལ།
2025.04.23 ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 0

བྱང་གསུམ་ཆེད་དུ་སྡོང་འཛུགས་ནགས་སྐྲུན་བྱེད་ཅེས་པའི་བྱ་འགུལ་གྱི་འབོད་བརྡ་དངོས་འབེབས་བྱེད་ཆེད། ཟླ4པའི་ཚེས16ཉིན་ནས་ཚེས22ཉིན་བར། ཞིང་ཆེན་སྲིད་གྲོས་ཀྱིས་མཚོ་སྔོན་དུ་སྡོད་པའི་རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་དང་། ཞིང་ཆེན་དང་གྲོང་ཁྱེར། རྫོང་བཅས་རིམ་པ་བཞིའི་སྲིད་གྲོས་ཨུ་ཡོན་རྩ་འཛུགས་བྱས་ཏེ། སོ་སོར་ཟི་ལིང་བྱང་རིའི་ཏ་ཏུན་རི་ཁུལ་དང་། མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཁྲི་ཀ་རྫོང་དུ། ལྗང་སྐྱེད་ལྗང་དར་ལྗང་སྲུང་གི་སྲོལ་བཟང་དར་སྤེལ་བཏང་ནས། སྲིད་གྲོས་ཨུ་ཡོན་གྱི་ནགས་ར་མཉམ་སྐྲུན་བྱེད་ཅེས་པའི་འོས་འགན་སྡོང་འཛུགས་ཀྱི་བྱ་འགུལ་སྤེལ། ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་རིན་ཆེན་རྣམ་རྒྱལ་དང་། ཝང་ཀྲིན་ཁྲང་། ལིས་ཞའོ་ནན། ལིའུ་ཏ་ཡེ། ཞིང་ཆེན་སྲིད་གྲོས་ཀྱི་ཏང་ཙུའུ་ཁོངས་མི་ཕིན་ཡིའུ་ཏུང་བཅས་བྱ་འགུལ་ལ་ཞུགས།

སྡོང་བོ་འཛུགས་སར་ཨུ་ཡོན་རྣམས་ཀྱིས་ལྕགས་ཁེམ་བཟུང་ནས་ས་སློག་པ་དང་། ཆུ་རྐ་རྐོ་བ། ཆུ་ལྡུག་པ་སོགས་བྱས་ཤིང་། སྐྱུ་རུ་རའི་སྡོང་བོ་དང་། ཆང་བ་ལིའི་སྡོང་བོ་སོགས་བཙུགས་ཏེ། མཚོ་སྔོན་གྱིས་སྲིད་གྲོས་ཨུ་ཡོན་གྱི་ནགས་ར་བསྐྲུན་པའི་ཐད་ལྗང་མདོག་དང་གསོན་ཤུགས་བསྣན། ཨུ་ཡོན་རྣམས་ཀྱིས་བལྟས་ན། ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་དགོངས་པ་ལག་བསྟར་ཟབ་མོ་བྱས་ཏེ། ཞིང་ཆེན་ཡོངས་ཀྱི་རྒྱལ་ཁོངས་ལྗང་སྒྱུར་དང་བྱང་གསུམ་བཟོ་སྐྲུན་མཁྲེགས་གཏོར་འཐབ་ཇུས་སྐུལ་སྤེལ་ཚོགས་ཆེན་གྱི་དགོངས་དོན་དངོས་འབེབས་བྱེད་པ་དང་། རི་སྔོ་ཆུ་དྭངས་ནི་གསེར་རི་དངུལ་རི་ཡིན་པའི་འདུ་ཤེས་བརྟན་པོར་འཛུགས་པ། སྲིད་གྲོས་ཨུ་ཡོན་གྱི་དཔེ་སྟོན་སྣེ་ཁྲིད་ནུས་པ་འདོན་སྤེལ་བྱས་ནས།  ལས་རིགས་སོ་སོའི་མང་ཚོགས་རྣམས་སྤྲོ་སྣང་ཆེན་པོས་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ཁྲོད་ཟབ་ཞུགས་བྱེད་པར་སྣེ་ཁྲིད་བྱེད་པ་དང་། དོན་དངོས་འགུལ་སྐྱོད་ལ་བརྟེན་ནས་མཛེས་པའི་མཚོ་སྔོན་འཛུགས་བསྐྲུན་བྱ་ཆེད་སེམས་ཤུགས་གཅིག་ཏུ་བསྡུ་དགོས་པར་འདོད།

སྲིད་གྲོས་ཨུ་ཡོན་གྱི་ནགས་ར་ནི་ཞིང་ཆེན་སྲིད་གྲོས་ཀྱིས་ཟི་ལིང་དང་ཁྲི་ཀ་རྫོང་དུ་རྨ་ཆུའི་སྟོད་རྒྱུད་ཀྱི་སྐྱེ་ཁམས་སྲུང་སྐྱོབ་དང་བཅོས་སྐྱོང་བྱ་བའི་ཞིང་སྡེའི་སྣ་འཛོམས་དཔལ་ཡོན་བསྐྲུན་པའི་ལས་གཞི་ལས་གླིང་ཁུལ་གྱིས་བཙུགས་པའི་བརྗོད་དོན་ནགས་ར་ཞིག་སྟེ། བསྟུད་མར་ལོ་གསུམ་གྱི་རིང་ལ་རིམ་པ་བཞིའི་སྲིད་གྲོས་ཨུ་ཡོན་རྩ་འཛུགས་བྱས་ཏེ་སྡོང་འཛུགས་ནགས་སྐྲུན་གྱི་བྱ་འགུལ་སྤེལ་ཞིང་། སྲིད་གྲོས་ཨུ་ཡོན་གྱི་གོང་འོག་མཉམ་སྒུལ་དང་། མཉམ་ཤུགས་གྲུབ་པ། དཔེ་སྟོན་སྐུལ་ཁྲིད་ཀྱི་ནུས་པར་བརྟེན་ནས། སྤྱི་ཚོགས་ལས་རིགས་སོ་སོས་ལྗང་མདོག་རྒྱ་སྐྱེད་དང་དར་སྤེལ། སྲུང་སྐྱོབ་བྱེད་པའི་སྐྱེ་ཁམས་དཔལ་ཡོན་འདུ་ཤེས་དང་འགུལ་སྐྱོད་རང་རྟོགས་བཅས་ཇེ་མཐོར་གཏོང་རྒྱུ་གཙོར་བཟུང་ཡོད།

རིག་འཛིན་སྒྲོལ་མས་བསྒྱུར།