ཟླ4པའི་ཚེས23ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ནམ་ཟླ་དང་དྲང་གཞག་ཚུལ་སྒྱུར་མགོ་ཁྲིད་པའི་རྩེ་ཚོགས་ལ་ཤིས་ཚིག་ཕུལ།
ཟླ4པའི་ཚེས23ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ནམ་ཟླ་དང་དྲང་གཞག་ཚུལ་སྒྱུར་མགོ་ཁྲིད་པའི་རྩེ་ཚོགས་ལ་ཤིས་ཚིག་ཕུལ།
ཞི་ཅིན་ཕིང་གིས་བསྟན་དོན། ད་ལོ་ནི《ཕ་རེ་སིའི་ཆོད་དོན》བཀོད་ནས་ལོ10འཁོར་བའི་ལོ་ཡིན་ལ། མཉམ་འབྲེལ་རྒྱལ་ཚོགས་བཙུགས་ནས་ལོ80འཁོར་བའི་ལོ་ཡང་ཡིན། མིག་སྔར། འཛམ་གླིང་གི་ལོ་བརྒྱའི་རིང་གི་འཕོ་འགྱུར་མགྱོགས་མྱུར་སྒོས་འཕེལ་བཞིན་ཡོད་པ་དང་མིའི་རིགས་ཀྱི་སྤྱི་ཚོགས་བཞི་མདོ་གསར་པ་ཞིག་ཏུ་སླེབས་ཡོད། རྒྱལ་ཁབ་ཆེན་པོ་ཁ་ཤས་ཀྱིས་ཕྱོགས་རྐྱང་རིང་ལུགས་དང་སྲུང་སྐྱོབ་རིང་ལུགས་ལ་དགའ་ཞེན་བྱས་ནས། རྒྱལ་སྤྱིའི་སྒྲིག་སྲོལ་དང་རྒྱལ་སྤྱིའི་སྒྲིག་ལམ་ལ་བརྡབ་གསིག་ཚབས་ཆེན་ཐེབས་ཡོད་མོད། འོན་ཀྱང་ལོ་རྒྱུས་ནི་ནམ་ཡང་ཀྱག་ཀྱོག་གི་བགྲོད་ལམ་ཁྲོད་མདུན་སྐྱོད་བྱེད་ཀྱིན་ཡོད། ཡིད་ཆེས་བརྟན་པོ་དང་མཐུན་སྒྲིལ་མཉམ་ལས་ལ་ཤུགས་བསྣན་ན། ཡོད་ཚད་ལས་རྣམ་པར་རྒྱལ་ནས་འཛམ་གླིང་གི་ནམ་ཟླ་བཅོས་སྐྱོང་དང་འཛམ་གླིང་གི་ཡར་ཐོན་ལས་དོན་ཡོད་ཚད་བརྟན་པོའི་ངང་གོང་དུ་འཕེལ་བར་སྐུལ་འདེད་གཏོང་ཐུབ་ངེས་རེད།
གཅིག་ནི་ཕྱོགས་མང་རིང་ལུགས་བརྟན་སྲུང་བྱ་དགོས། མཉམ་འབྲེལ་རྒྱལ་ཚོགས་སྲོག་ཤིང་ཡིན་པའི་རྒྱལ་སྤྱིའི་མ་ལག་དང་རྒྱལ་སྤྱིའི་བཅའ་ཁྲིམས་རྨང་གཞིར་འཛིན་པའི་རྒྱལ་སྤྱིའི་སྒྲིག་ལམ་སྲུང་སྐྱོང་བརྟན་པོ་བྱེད་པ་དང་། རྒྱལ་སྤྱིའི་དྲང་གཞག་དྲང་བདེན་སྲུང་སྐྱོང་བརྟན་པོ་བྱེད་དགོས། ཁྲིམས་སྐྱོང་གི་སྙིང་སྟོབས་རྒྱུན་འཛིན་དང་ཁ་དན་ལ་བརྩི་སྲུང་བྱེད་པ། ལྗང་མདོག་ཐྰན་ཉུང་འཕེལ་རྒྱས་ལ་དམིགས་ནས་ཕྱོགས་མང་བཅོས་སྐྱོང་གིས་མཉམ་དུ་ནམ་ཟླའི་ཉམས་ཉེན་ལ་ཁ་གཏད་འཇལ་དགོས།
གཉིས་ནི་རྒྱལ་སྤྱིའི་མཉམ་ལས་གཏིང་ཟབ་ཏུ་གཏོང་དགོས། སྒོ་འབྱེད་དང་དཀྱེལ་ཡངས་ལ་བརྟེན་ནས་འགལ་རྐྱེན་གདོང་ཐུག་ལས་བརྒལ་བ་དང་། མཉམ་ལས་ལ་བརྟེན་ནས་ལག་རྩལ་གསར་གཏོད་དང་ཐོན་ལས་འཕོ་འགྱུར་ལ་སྐུལ་འདེད་བཏང་སྟེ། སྤུས་ལེགས་ཀྱི་ལྗང་མདོག་ལག་རྩལ་དང་ཐོན་རྫས་ཀྱི་རང་མོས་འཁོར་རྒྱུག་དེ། རྒྱལ་ཁབ་སོ་སོ་དང་ཁྱད་པར་དུ་རྒྱ་ཆེའི་དར་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་ཚང་མས་སྤྱོད་ཐུབ་པ་དང་། བེད་སྤྱོད་ཡག་པོ་བྱེད་དུ་འཇུག་དགོས། ཀྲུང་གོས་ནུས་ཤུགས་ཡོད་རྒུས་མཉམ་ལས་གཏིང་ཟབ་ཏུ་བཏང་ནས་མུ་མཐུད་དུ་འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་གཞན་དག་ལ་རང་ནུས་གང་ཡོད་ཀྱིས་རོགས་རམ་བྱ་རྒྱུ་ཡིན།
གསུམ་ནི་དྲང་གཞག་ཚུལ་སྒྱུར་ལ་སྐུལ་འདེད་གཏོང་དགོས། མི་དམངས་ལྟེ་བར་འཛིན་པ་དང་། དམངས་ཚིས་བདེ་སྐྱིད་དང་ནམ་ཟླའི་བཅོས་སྐྱོང་ལེགས་བཅོས་ལ་མཐུན་སྦྱོར་ངང་སྐུལ་འདེད་གཏོང་བ། ཁོར་ཡུག་སྲུང་སྐྱོབ་དང་དཔལ་འབྱོར་འཕེལ་རྒྱས། ལས་ཞུགས་གསར་སྐྲུན། དབུལ་ཕོངས་སེལ་བ་སོགས་དམིགས་འབེན་མང་པོར་གཅིག་གྱུར་འཆར་འགོད་བྱེད་དགོས། དར་རྒྱས་ཆེ་བའི་རྒྱལ་ཁབ་དག་ལ་འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་ལ་རོགས་རམ་དང་རྒྱབ་སྐྱོར་བྱེད་པའི་འོས་འགན་ཡོད་ལ། འཛམ་གླིང་གི་ལྗང་མདོག་ཐཱན་ཉུང་ཚུར་སྒྱུར་ལ་རོགས་རམ་བྱས་ནས་རྒྱལ་ཁབ་སོ་སོའི་མི་དམངས་དུས་ཡུན་རིང་པོར་བདེ་སྐྱིད་ལྡན་དུ་འཇུག་དགོས།
བཞི་ནི་དངོས་སྒྲུབ་བྱ་སྤྱོད་ལ་ཤུགས་སྣོན་དགོས། ཕྱོགས་སོ་སོས་རང་ནུས་གང་ཡོད་བཏོན་ནས་དཔལ་འབྱོར་འཕེལ་རྒྱས་དང་ནུས་ཁུངས་ཚུལ་སྒྱུར་ལ་གཅིག་གྱུར་འཆར་འགོད་བྱེད་པའི་རྨང་གཞིའི་སྟེང་། རྒྱལ་ཁབ་ཀྱིས་རང་བདག་བྱས་རྗེས་འཇོག་པའི་བྱ་སྤྱོད་རྩ་འཛིན་གཏན་འབེབས་དང་ལག་བསྟར་བྱ་དགོས། ཀྲུང་གོས་མཉམ་འབྲེལ་རྒྱལ་ཚོགས་ནམ་ཟླའི་འགྱུར་ལྡོག་པེ་ལུན་ཚོགས་ཆེན་གྱི་སྔོན་དུ། དཔལ་འབྱོར་གྱི་ཁྱབ་ཁོངས་ཡོངས་དང་དྲོད་ཁང་གི་རླུང་གཟུགས་ཚུད་པའི2035ལོའི་རྒྱལ་ཁབ་ཀྱི་རང་བདག་བྱས་རྗེས་དམིགས་འབེན་ཁྱབ་བསྒྲགས་བྱ་རྒྱུ་རེད།
ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་བྱེད་པ་ནི་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ཀྱི་ཁྱད་ཆོས་ཆེན་པོ་ཡིན། ཀྲུང་གོ་ནི་འཛམ་གླིང་གི་ལྗང་མདོག་འཕེལ་རྒྱས་ཀྱི་འགྱུར་མེད་ཀྱི་བྱ་སྤྱོད་ཕྱོགས་ཁག་དང་བྱས་རྗེས་འཇོག་མཁན་གལ་ཆེན་ཞིག་ཡིན། ལོ་ལྔའི་སྔོན་ལ། ངས་ཐཱན་རྩེར་སོན་དང་ཐཱན་སྙོམས་སྦྱོར་གྱི་དམིགས་འབེན་ཁྱབ་བསྒྲགས་བྱས་པ་ནས་བཟུང་། ཀྲུང་གོས་འཛམ་གླིང་སྟེང་ཆེས་ཆེ་བ་དང་འཕེལ་རྒྱས་ཆེས་མགྱོགས་པའི་བསྐྱར་སྐྱེས་ནུས་ཁུངས་མ་ལག་བཙུགས་པ་དང་། འཛམ་གླིང་སྟེང་ནུས་ཁུངས་གསར་པའི་ཐོན་ལས་ཕྲེང་འབྲེལ་ཆེས་ཆེ་བ་དང་ཆེས་ཡང་དག་པ་བསྐྲུན་ནས། འཛམ་གླིང་གི་བཞི་ཆའི་གཅིག་གི་གསར་དུ་བསྣན་པའི་ལྗང་མདོག་རྒྱ་ཁྱོན་ལ་བྱས་རྗེས་བཞག་ཡོད། རྒྱལ་སྤྱིའི་གནས་བབ་ལ་འགྱུར་ལྡོག་ཇི་ལྟར་བྱུང་རུང་། ཀྲུང་གོས་ཧུར་ཐག་གིས་ནམ་ཟླའི་འགྱུར་ལྡོག་ལ་ཁ་གཏད་འཇལ་ཚད་ཇེ་དལ་དུ་གཏོང་མི་སྲིད་ལ། རྒྱལ་སྤྱིའི་མཉམ་ལས་ལ་སྐུལ་འདེད་གཏོང་བའི་འབད་བརྩོན་ཇེ་ཆུང་དུ་གཏོང་མི་སྲིད་པ་དང་། མིའི་རིགས་ཀྱི་ལས་སྐལ་གཅིག་མཐུན་ཚོགས་པ་འཛུགས་རྒྱུར་སྐུལ་འདེད་གཏོང་བའི་ལག་ལེན་མཚམས་འཇོག་མི་སྲིད། ཀྲུང་གོས་ཕྱོགས་སོ་སོ་དང་མཉམ་དུ་དངོས་སྒྲུབ་དང་ཁྱད་པར་ཡོད་པའི་འགན་འཁྲི་ལག་བསྟར་བྱས་ཏེ། རང་ནུས་གང་ཐུབ་དང་མཐུན་སྒྲིལ་མཉམ་ལས་བྱས་ནས་དྭངས་གཙང་དང་མཛེས་སྡུག རྒྱུན་མཐུད་བྱེད་ཐུབ་པའི་འཛམ་གླིང་མཉམ་དུ་འཛུགས་སྐྲུན་བྱེད་པར་སྐུལ་འདེད་གཏོང་འདོད་ཡོད།
ཤ་བོ་རིན་མཚོས་བསྒྱུར།