ཟླ4ཚེས23ཉིན་གྱི་སྔ་དྲོར། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་རྒྱས་འཛོམས་གྲོས་ཚོགས་དང་ཞིང་ཆེན་ཏང་ཨུའི་ནོར་སྲིད་དཔལ་འབྱོར་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་བསྡུས་ཏེ། དུས་ཚིགས་དང་པོའི་དཔལ་འབྱོར་འཁོར་སྐྱོད་གནས་ཚུལ་བཀོད་གཏོང་དང་། གོ་རིམ་རྗེས་མའི་བྱ་བར་ཞིབ་འཇུག་དང་བཀོད་སྒྲིག་བྱས། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཝུའུ་ཞའོ་ཅུན་གྱིས་མགོ་འཛིན་བྱས་ཏེ་གཏམ་བཤད། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ལའོ་ཏུང་ཁྲོན་གྱིས་བྱ་བ་བཀོད་སྒྲིག་བྱས།
གྲོས་ཚོགས་ལས་བསྟན་དོན། ད་ལོར། ང་ཚོས་ཉེན་ཁ་དང་འགྲན་རྩོད་སྣ་ཚོགས་ལ་ཁ་གཏད་ནུས་ལྡན་འཇལ་ཏེ། ཚོང་འགུག་དངུལ་འདྲེན་དང་། འཛད་སྤྱོད་སྐུལ་འདེད། ནང་མཁོ་རྒྱ་སྐྱེད་བཅས་ཀྱི་སྟེང་ཤུགས་བཏོན་ནས། དཔལ་འབྱོར་འཁོར་སྐྱོད་ཀྱི་མགོ་ཡག་པོ་ཞིག་བརྩམས་ལ། བརྟན་ཐོག་ཡར་འཕེལ་གྱིས་དུས་ཚིགས་དང་པོར་རྒྱལ་ཁ་ལེན་པ་མངོན་འགྱུར་བྱུང་ནས། ལོ་ཧྲིལ་བོའི་དམིགས་འབེན་ལས་འགན་བདེ་ལེགས་ངང་འགྲུབ་ཆེད་རྨང་གཞི་བརྟན་པོ་ཞིག་བཏིངས་ཡོད། ཡིད་ཆེས་གསེར་ལས་ལྷག་པའི་གལ་ཆེན་རང་བཞིན་ར་སྤྲོད་བྱས་ཏེ། ང་ཚོས་བློ་རྩ་བརྟན་པོས་ཏང་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་ལག་བསྟར་དངོས་འབེབས་བྱེད་པ་དང་། བློ་བརྟན་འགྱུར་མེད་སྒོས་རང་ཉིད་ཀྱི་དོན་དག་ཡག་པོར་སྒྲུབ་པ་ཡིན་ན། དཔལ་འབྱོར་མུ་མཐུད་བཟང་ཕྱོགས་སུ་འཕེལ་བར་སྐུལ་འདེད་ནུས་ལྡན་གཏོང་ཐུབ།
གྲོས་ཚོགས་ལས་གནས་བབ་གསར་བ་དང་འགྱུར་ལྡོག་གསར་བར་ཁ་གཏད་དེ། དུས་ཚིགས་གཉིས་པ་དང་གོ་རིམ་རྗེས་མའི་དཔལ་འབྱོར་བྱ་བ་ལེགས་པོར་བསྒྲུབ་རྒྱུ་ནི་ཧ་ཅང་གལ་ཆེ་བ་ཞིག་ཡིན་པས། ལས་དོན་ཁག་སོ་སོའི་སྟེང་མུ་མཐུད་ཤུགས་རྒྱག་དགོས། ཡིད་ཆེས་ཇེ་བརྟན་དང་ངེས་ཤུགས་སྲུང་འཛིན་བྱེད་པ་དང་། དཔལ་འབྱོར་བྱ་བའི་རང་བདག་དབང་ཆ་ཁོང་དུ་ཆུད་པར་བྱས་ཏེ། ནང་མཁོ་རྒྱ་སྐྱེད་དང་བརྟན་པོར་འཕར་བའི་བྱེད་ཐབས་སོ་སོ་དངོས་འབེབས་བྱེད་པ་དང་། དཔལ་འབྱོར་འཁོར་སྐྱོད་བཀོད་གཏོང་བྱ་བར་ཤུགས་སྣོན་དགོས་ལ། དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་འདེད་བཏང་ནས་འཕར་སྣོན་ལེགས་པོ་མངོན་འགྱུར་བྱ་དགོས། སློབ་སྦྱོང་རྗེས་སྙེག་གི་འགྲན་སྡུར་དང་འགན་འཁྲི་ཁུར་ལེན་བྱས་ཏེ། ཡར་བརྩོན་སེམས་ཤུགས་དང་། བསམ་པའི་ཉམས་འགྱུར། བཅོས་སྒྱུར་གསར་གཏོད། འཇོན་ནུས་ཆུ་ཚད། བྱེད་ཕྱོགས་མཐོར་འདེགས་བཅས་ཀྱི་འགྲན་རྩོད་ལ་བརྟེན་ནས། བྱ་བའི་གྲུབ་འབྲས་དེ་འཕེལ་རྒྱས་ཀྱི་བྱེད་ཐབས་དངོས་འབེབས་བྱེད་པའི་སྟེང་མངོན་པར་བྱེད་པ་དང་། ཚོང་འགུག་དངུལ་འདྲེན་སྟེང་མངོན་པར་བྱེད་པ། ནུས་ལྡན་དངུལ་གཏོང་དོན་འཁྱོལ་བྱེད་པའི་སྟེང་མངོན་པར་བྱེད་དགོས། དམིགས་འབེན་ནན་སྡོམ་དང་ཕྱོགས་གཉིས་ཕྱེད་ཙམ་བརྒལ་བར་ཁག་ཐེག་བྱས་ཏེ། དམིགས་འབེན་དང་བསྟུན་ནས་བར་ཁྱད་འཚོལ་བ་དང་། དབྱེ་ཞིབ་གཏིང་ཟབ་བྱེད་དགོས་ལ། གནད་དོན་ཡང་དག་པར་འཚོལ་བ་དང་བྱེད་ཐབས་བསྡུ་ལེན་བྱེད་པ། ཐབས་བརྒྱ་ཇུས་སྟོང་གིས་གསོག་འབོར་བརྟན་པོ་དང་། འཕར་གྲངས་ཇེ་མཐོར་བཏང་ནས་ནུས་ཤུགས་ཡོད་དགུས་དམིགས་འབེན་དང་ལས་འགན་མངོན་འགྱུར་བྱ་དགོས། རྒྱལ་ཁབ་ཀྱི་སྲིད་ཇུས་བེད་སྤྱོད་ཡག་པོ་བྱས་ཏེ། ཚོང་འགུག་དངུལ་འདྲེན་གྱི་ཚད་མུ་མཐུད་ཆེ་རུ་གཏོང་བ་དང་། མཚོ་སྔོན་གྱི་ཁ་གཏད་རོགས་སྐྱོར་སྟོབས་ཤུགས་བཀོལ་སྤྱོད་ཡག་པོ་བྱེད་པ། སྔར་ལས་མང་བའི་ནུས་ལྡན་བྱེད་ཐབས་བཏོན་ནས། ཚད་གཞི་ཆེས་ཆེ་བའི་སྒོ་ནས་སྲིད་ཇུས་ཀྱི་ཁེ་བཟང་དེ་འཕེལ་རྒྱས་ཀྱི་ཁེ་བཟང་དུ་བསྒྱུར་དགོས། གནད་འགག་ཏུ་གྱུར་པའི་དངུལ་གཏོང་དང་འཛད་སྤྱོད་དམ་འཛིན་གང་ལེགས་བྱས་ཏེ། རང་འགུལ་འཆར་འགོད་དང་། རང་འགུལ་སྔོན་སྐྱོད། རང་འགུལ་ཞབས་ཞུའི་འདུ་ཤེས་མཐོ་རུ་གཏོང་བ་དང་། སྔར་ལས་མང་བའི་དངོས་འབོར་དང་དངུལ་གཏོང་སྒུལ་ཤུགས་མུ་མཐུད་གྲུབ་པར་བྱེད་པ། འཛད་སྤྱོད་མྱུར་དུ་བཟང་ཕྱོགས་སུ་འཕེལ་བར་སྐུལ་འདེད་བཏང་ནས། ལས་གཞིའི་དངུལ་གཏོང་བདེ་ལེགས་ངང་དོན་འཁྱོལ་དང་བདག་གཉེར་འཕེལ་རྒྱས་ཀྱི་སྣང་ཚུལ་བཟང་པོ་མངོན་འགྱུར་བྱ་དགོས། བཟོ་ལས་ཀྱི་བརྟན་འཇགས་འཕར་སྣོན་རྣམ་པ་སྲ་བརྟན་དུ་བཏང་སྟེ། ཞིང་ཕྱུགས་ལས་རིགས་སྤུས་འདེགས་ནུས་སྤེལ་ལ་སྐུལ་འདེད་གཏོང་བ་དང་། བསྡོམས་རྩིས་བྱ་བའི་སྤུས་ཚད་ཇེ་མཐོར་བཏང་ནས། དཔལ་འབྱོར་རྒྱུན་མཐུད་སྒོས་བཟང་ཕྱོགས་སུ་འཕེལ་བར་སྐུལ་འདེད་གཏོང་ཆེད་འདེགས་སྐྱོར་ནུས་ལྡན་འདོན་སྤྲོད་བྱ་དགོས། ཀྲུང་དབྱང་གི་གཏན་འབེབས་དོན་ཚད་བརྒྱད་ཀྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱེད་པའི་སློབ་སྦྱོང་སློབ་གསོར་སྐུལ་འདེད་ཏན་ཏིག་བཏང་སྟེ། མུ་མཐུད་དུ་མང་ཚོགས་ཉེ་གམ་གྱི་ཚུལ་མིན་སྤྱོད་ཚུལ་དང་རུལ་སུངས་གནད་དོན་གཅིག་བསྡུས་ཀྱིས་བཅོས་སྐྱོང་ཟབ་མོ་བྱེད་དགོས་ལ། ཆོས་ལུགས་ལས་དོན་དོ་དམ་བྱ་བ་དམ་འཛིན་གང་ལེགས་བྱེད་པ་དང་། དུས་ནམ་ཡང་བདེ་འཇགས་ཐོན་སྐྱེད་སྟེང་ཤུགས་བཏོན་ནས། འཕེལ་རྒྱས་དང་སྲུང་སྐྱོབ་དང་། འཕེལ་རྒྱས་དང་བདེ་འཇགས་ཀྱིས་ཕན་ཚུན་སྐུལ་སྤེལ་བྱེད་རེས་དང་། ཕན་ཚུན་གཞོགས་འདེགས་བྱེད་དགོས་ཞེས་ནན་གྱིས་བསྟན།
གྲོས་ཚོགས་ལས་དུས་ཚིགས་དང་པོའི་ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་གནས་བབ་དང་ཚོང་འགུག་དངུལ་འདྲེན་བྱ་བའི་གནས་ཚུལ་ཁྱབ་བསྒྲགས་བྱས། ཟི་ལིང་གྲོང་ཁྱེར་དང་། མཚོ་ནུབ་ཁུལ། ཞིང་ཆེན་བཟོ་ལས་དང་ཆ་འཕྲིན་ཅན་ཐིན། ཞིང་ཆེན་ཚོང་དོན་ཐིན། ནུབ་རྒྱུད་གཏེར་ལས་སྡེ་ཚོགས། ཀྲུང་གོ་ཞིང་ལས་དངུལ་ཁང་མཚོ་སྔོན་ཞིང་ཆེན་ཡན་ལག་དངུལ་ཁང་བཅས་ཀྱིས་གཏམ་བཤད།
གྲོས་ཚོགས་བརྙན་རིས་གྲོས་ཚོགས་ཀྱི་རྣམ་པས་བསྡུས་ཤིང་། ཞིང་ཆེན་དུ་ཚོགས་ར་གཙོ་བོ་བཙུགས་ཡོད་ལ། གྲོང་ཁྱེར་དང་ཁུལ་སོ་སོ་རུ་ཡན་ལག་ཚོགས་ར་བཙུགས་ཡོད། ལིའུ་ཆི་ཧྥན་དང་། ལིའུ་མཱེ་ཕིན། ཀྲའོ་ཡུའེ་ཞ། ཝང་ཏ་ནན། ཝུའུ་ལ་ཙི་པེ་ཁི་རེ་སུའུ་ལིས་ཧན། པད་ཁོ། ཧི་ལུའུ་ཁྲུན། ལོའུ་ཀང་། ཝང་ཅིན་ཀྲའེ། ལིའུ་ཐའོ། ལིའུ་ཁྲའོ། ལིས་ཧུང་ཡཱ། ཝང་ཧའེ་ཧུང་། ཁྲིན་ཅི་ཝེ། ཝང་ཀྲིན་ཁྲང་བཅས་ཚོགས་ར་གཙོ་བོ་དང་ཡན་ལག་ཚོགས་རའི་ཚོགས་འདུར་ཞུགས།
རིག་འཛིན་སྒྲོལ་མས་བསྒྱུར།