ལིས་ཆང་གིས་ཁེན་ནི་ཡའི་ཙུང་ཐུང་ལུའུ་ཐོ་ལ་མཇལ་འཕྲད་གནང་།
2025.04.24 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 0

རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཆང་གིས་ཟླ4པའི་ཚེས23ཉིན་གྱི་ཕྱི་དྲོར་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོའི་ནང་པེ་ཅིང་དུ་རྒྱལ་དོན་འཚམས་འདྲིར་ཡོང་བའི་ཁེན་ནི་ཡའི་ཙུང་ཐུང་ལུའུ་ཐོ་ལ་མཇལ་འཕྲད་གནང་།

ཟླ4པའི་ཚེས23ཉིན་གྱི་ཕྱི་དྲོར། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཙུང་ལི་ལིས་ཆང་གིས་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཀྲུང་གོར་རྒྱལ་དོན་འཚམས་འདྲིར་ཡོང་བའི་ཁེན་ནི་ཡའི་ཙུང་ཐུང་ལུའུ་ཐོ་ལ་མཇལ་འཕྲད་གནང་།

ལིས་ཆང་གིས་བསྟན་དོན། ཉེ་བའི་ལོ་འགའི་རིང་། རྒྱལ་ཁབ་གཉིས་ཀྱི་གཙོ་འཛིན་གྱི་འཐབ་ཇུས་ཁྲིད་སྟོན་འོག ཀྲུང་གོ་དང་ཁེན་ནི་ཡའི་འབྲེལ་བའི་ཆུ་ཚད་རྒྱུན་མཐུད་སྒོས་ཇེ་མཐོར་ཕྱིན་པ་དང་། ཁྱབ་ཁོངས་སོ་སོའི་མཉམ་ལས་ཐད་གྲུབ་འབྲས་གཡུར་དུ་ཟ་བ་བླངས་ནས། རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་སྔར་ལས་བདེ་སྐྱིད་བསྐྲུན་ཡོད། ཀྲུའུ་ཞི་ཞི་ཅིན་ཕིང་གིས་སྐུ་ཞབས་ཙུང་ཐུང་དང་གྲོས་མོལ་མཛད་དེ། ཀྲུང་གོ་དང་ཁེན་ནི་ཡའི་འབྲེལ་བ་ཇེ་ཟབ་དང་མཉམ་ལས་གཏིང་ཟབ་ཏུ་སྤེལ་བར་འཆར་འགོད་ལེགས་པོ་བྱེད་རྒྱུ་རེད། ཀྲུང་གོའི་ཕྱོགས་ཀྱིས་ཁེན་ནི་ཡའི་ཕྱོགས་དང་མཉམ་དུ་འབད་པ་བྱས་ནས། ཀྲུང་གོ་དང་ཁེན་ནི་ཡའི་ཕྱོགས་ཡོངས་ཀྱི་འཐབ་ཇུས་མཉམ་ལས་གྲོགས་པོའི་འབྲེལ་བའི་ནང་དོན་སྔར་ལས་ཕུན་སུམ་ཚོགས་པར་གཏོང་བ་དང་། ཕྱོགས་ཡོངས་ནས་རྒྱལ་ཁབ་གཉིས་ཀྱི་གཉིས་ཕན་མཉམ་ལས་རྒྱ་བསྐྱེད་དེ། སོ་སོའི་དེང་རབས་ཅན་མངོན་འགྱུར་བྱེད་པའི་བགྲོད་ལམ་སྟེང་ལག་རྡང་སྦྲེལ་ནས་མདུན་སྐྱོད་བྱེད་འདོད་ཡོད།

ལིས་ཆང་གིས་བསྟན་དོན། ཀྲུང་གོ་དང་ཁེན་ནི་ཡའི་དཔལ་འབྱོར་གྱི་ཁ་གསབ་རང་བཞིན་དྲག་པོར་མཉམ་ལས་ཀྱི་བར་སྟོང་ཆེན་པོ་ལྡན། ཀྲུང་གོའི་ཕྱོགས་ཀྱིས་ཁེན་ནི་ཡའི་ཕྱོགས་དང་མཉམ་དུ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་རྒྱུད་གཅིག་ལམ་གཅིག་མུ་མཐུད་དུ་མཉམ་སྐྲུན་བྱེད་པ་དང་། རྨང་གཞིའི་སྒྲིག་ཆས་སོགས་ལས་གཞི་གལ་ཆེན་ལ་སྐུལ་འདེད་ནན་མོ་བཏང་སྟེ། དངུལ་རྩ་དང་། གཞི་གྲངས་དཔལ་འབྱོར། ལྗང་མདོག་ནུས་ཁུངས། ཞིང་ལས་ཚན་རྩལ། རྒྱ་མཚོའི་དཔལ་འབྱོར་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ཟབ་སྤེལ་བྱེད་པ་དང་། མཉམ་དུ་སྒུལ་ནུས་གསར་བ་དར་རྒྱས་གོང་འཕེལ་བཏང་ནས། དངོས་ཡོད་གྲུབ་འབྲས་སྔར་ལས་མང་པོ་ལེན་པར་སྐུལ་འདེད་གཏོང་འདོད་ཡོད།  ཀྲུང་གོའི་ཕྱོགས་ཀྱིས་ཁེན་ནི་ཡའི་ཕྱོགས་ཀྱི་སྤུས་ལེགས་ཐོན་རྫས་སྔར་ལས་མང་པོ་ནང་འདྲེན་བྱེད་པ་དང་། རྒྱལ་ཁབ་གཉིས་ཀྱི་ཉོ་ཚོང་ལེགས་བཅོས་དོ་མཉམ་འཕེལ་རྒྱས་ལ་སྐུལ་འདེད་གཏོང་འདོད་ཡོད། ཕྱོགས་གཉིས་ཀྱིས་མི་རྣམས་འགྲོ་འོང་བྱེད་པར་སྔར་ལས་སྟབས་བདེ་བཟོ་བ་དང་། རིག་གནས་དང་ཡུལ་སྐོར། སྨྱན་བྱད་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ལ་ཤུགས་བསྣན་ནས། འཛམ་གླིང་གི་དཔལ་ཡོན་བརྗེ་རེས་ལ་སྐུལ་འདེད་གཏོང་བ་དང་། ཕན་ཚུན་བར་གྱི་རྒྱུས་ལོན་དང་མཛའ་བརྩེ། ཡིད་རྟོན་བཅས་མཐོར་འདེགས་གཏོང་འདོད་ཡོད། མིག་སྔའི་རྒྱལ་སྤྱིའི་གནས་བབ་ལ་འགྱུར་ལྡོག་ཆེ་བས། ཀྲུང་གོ་དང་ཨ་ཧྥེ་རི་ཁ་གཉིས་ནི་གོ་ལ་ཧྲིལ་བོའི་འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་སྟོབས་ཤུགས་གལ་ཆེན་ཡིན་པའི་ཆ་ནས། མཐུན་སྒྲིལ་མཉམ་ལས་སྔར་ལས་དམ་ཟབ་བྱེད་པ་དང་། དཀའ་ཁག་འགྲན་རྩོད་ལ་མཉམ་དུ་ཁ་གཏད་གཅོག་པ། ལག་རྡང་སྦྲེལ་ནས་དར་རྒྱས་གོང་འཕེལ་འགྲོ་བར་སྐུལ་འདེད་གཏོང་དགོས། ཀྲུང་གོས་ཁེན་ནི་ཡ་སོགས་ཨ་ཧྥེ་རི་ཁའི་རྒྱལ་ཁབ་སོ་སོ་དང་མཉམ་དུ་འབད་པ་བྱས་ཏེ། ཕྱོགས་ཡོངས་ནས་ཀྲུང་ཧྥེ་མཉམ་ལས་གླེང་སྟེགས་པེ་ཅིང་རྩེ་ཚོགས་ཀྱི་གྲུབ་འབྲས་དང་ལྷག་པར་དུ་གྲོགས་པོའི་འགུལ་སྐྱོད་ཆེན་པོ་བཅུ་མགྱོགས་མྱུར་སྒོས་དོན་འཁྱོལ་བྱེད་པ་དང་། ཕྱོགས་མང་རིང་ལུགས་ངོ་མ་ལག་བསྟར་བྱེད་པ། དུས་རབས་གསར་བའི་དུས་རྣམ་ཀུན་གྱི་ཀྲུང་ཧྥེའི་ལས་སྐལ་གཅིག་མཐུན་ཚོགས་པ་འཛུགས་པར་བརྟེན་ནས་གོ་ལ་ཧྲིལ་བོའི་འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་མཉམ་ལས་ཟབ་སྤེལ་བྱེད་པར་སྐུལ་ཁྲིད་བྱས་ཏེ། མིའི་རིགས་ཀྱི་ལས་སྐལ་གཅིག་མཐུན་ཚོགས་པ་བསྐྲུན་པར་ཁྲིད་སྟོན་བྱེད་པ་དང་སྐུལ་འདེད་གཏོང་འདོད་ཡོད།

ལུའུ་ཐོ་ཡིས་བསྟན་དོན། མིག་སྔར་ཀྲུང་གོ་དང་ཁེན་ནི་ཡའི་འབྲེལ་བ་དམ་ཟབ་ཡིན་ལ་འཕེལ་རྒྱས་ཀྱི་རྣམ་པ་ཡག་པོ་ལྡན་པས། གཉིས་ཕན་མཉམ་རྒྱལ་གྱི་མཉམ་ལས་སྔར་ལས་ཟབ་སྤེལ་བྱེད་པའི་གོ་སྐབས་གལ་ཆེན་ལ་འཕྲད་ཡོད། ཁེན་ནི་ཡའི་ཕྱོགས་ཀྱིས་བློ་རྩ་བརྟན་པོས་ཀྲུང་གོ་གཅིག་གི་རྩ་དོན་རྒྱུན་འཁྱོངས་བྱེད་པ་དང་། ཐེ་ཝན་ནི་ཀྲུང་གོའི་མངའ་ཁོངས་བསྙོན་མེད་ཅིག་ཡིན་ལ། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྲིད་གཞུང་ནི་ཀྲུང་གོ་ཡོངས་ཀྱི་ཚབ་བྱེད་པའི་ཁྲིམས་མཐུན་སྲིད་གཞུང་གཅིག་པུ་ཡིན་པར་འདོད་ཡོད། ཁེན་ནི་ཡའི་ཕྱོགས་ཀྱིས་ཀྲུང་གོའི་ཕྱོགས་ཀྱིས་ཁེན་ནི་ཡའི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་འགྲོ་བར་རོགས་རམ་ལེགས་པོ་བྱས་པར་བཀའ་དྲིན་ཞུ་བ་དང་། ཀྲུང་གོའི་ཕྱོགས་དང་མཉམ་དུ་རྒྱུད་གཅིག་ལམ་གཅིག་མཉམ་སྐྲུན་དེ་ཁྲིད་སྟོན་དུ་བྱས་ཏེ། འཕེལ་རྒྱས་འཐབ་ཇུས་སྦྲེལ་མཐུད་དང་། མཉམ་ལས་སྦས་ཤུགས་སྔོག་འདོན་བྱེད་པ། ཚོང་དོན་དང་དངུལ་རྩ། འགྲིམ་འགྲུལ་རྨང་གཞིའི་སྒྲིག་བཀོད། སྤྱི་ཚོགས་དམངས་ཚིས་སོགས་ཁྱབ་ཁོངས་ཀྱི་དངོས་གཉེར་མཉམ་ལས་ལ་སྐུལ་འདེད་བཏང་ནས། ཡུལ་སྐོར་དང་སྨྱད་བྱད་སོགས་མི་གཞུང་བརྗེ་རེས་ལ་ཤུགས་སྣོན་བྱེད་པའི་རེ་བ་བཅངས་ཡོད། ཁེན་ནི་ཡའི་ཕྱོགས་ཀྱིས་ཀྲུང་གོས་རྒྱལ་སྤྱིའི་ལས་དོན་ཁྲོད་བྱེད་ནུས་གལ་ཆེན་བཏོན་པར་བསྔགས་བརྗོད་ཚད་མེད་གནང་བཞིན་ཡོད་ལ། ཀྲུང་གོའི་ཕྱོགས་དང་མཉམ་དུ་མཉམ་འབྲེལ་རྒྱལ་ཚོགས་སོགས་ཕྱོགས་མང་སྟེགས་བུའི་འབྲེལ་འདྲིས་མཐུན་སྦྱོར་ལ་ཤུགས་སྣོན་པ་དང་། གོ་ལ་ཧྲིལ་བོའི་འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་ཀྱིས་མཐུན་སྒྲིལ་མཉམ་ལས་བྱེད་པར་སྔར་ལས་སྐུལ་འདེད་བཏང་སྟེ། ཀྲུང་ཧྥེའི་མཉམ་ལས་ཀྱི་མཛེས་སྡུག་ལྡན་པའི་མ་འོངས་པ་བསུ་འདོད་ཡོད།

ཝུའུ་ཀྲིན་ལུང་མཇལ་འཕྲད་ལ་ཞུགས།

ལྷ་མོ་འཚོས་བསྒྱུར།