ཝང་ཧུའུ་ཉིང་གིས་དུས་རབས་གསར་བའི་ཏང་གི་འཐབ་ཕྱོགས་གཅིག་གྱུར་བྱ་བའི་ཆེད་དོན་བགྲོ་གླེང་འཛིན་གྲྭའི་སློབ་མ་དང་བཞུགས་མོལ་མཛད།
2025.04.24 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 0

དུས་རབས་གསར་བའི་ཏང་གི་འཐབ་ཕྱོགས་གཅིག་གྱུར་བྱ་བའི་ཆེད་དོན་བགྲོ་གླེང་འཛིན་གྲྭའི་བཞུགས་མོལ་ཚོགས་འདུ་དེ་ཚེས23ཉིན་པེ་ཅིང་དུ་བསྡུས་པ་དང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་ཧུའུ་ཉིང་ཚོགས་འདུར་ཞུགས་པར་མ་ཟད་གསུང་བཤད་གནང་། ཁོང་གིས་བསྟན་དོན། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་སྟོན་དུ་འཛིན་པ་རྒྱུན་འཁྱོངས་བྱེད་པ་དང་། གཏན་ཕབ་གཉིས་ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་ཟབ་མོ་ལེན་པ། སྲུང་སྐྱོང་གཉིས་ལེགས་པོར་སྒྲུབ་པ། ཕྱོགས་ཡོངས་ནས་ཏང་གི་ཚོགས་ཆེན་ཉི་ཤུ་པ་དང་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་དང་གསུམ་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱེད་པ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཏང་གི་འཐབ་ཕྱོགས་གཅིག་གྱུར་བྱ་བའི་སྐོར་གྱི་དགོངས་པ་གལ་ཆེན་ལ་སློབ་སྦྱོང་བྱས་ནས་གོ་བ་ཟབ་མོ་ལེན་པ་དང་། འཐབ་ཕྱོགས་གཅིག་གྱུར་གྱིས་མི་སེམས་གཅིག་སྡུད་དང་སྟོབས་ཤུགས་གཅིག་སྡུད་བྱེད་པའི་ཆབ་སྲིད་ཀྱི་བྱེད་ནུས་འདོན་སྤེལ་ལེགས་པོ་བྱས་ཏེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་འཛུགས་སྐྲུན་བྱེད་པར་ཞབས་འདེགས་ལེགས་པོ་ཞུ་བ་དང་རོགས་ཤུགས་འདོན་དགོས།

 ཟླ4པའི་ཚེས23ཉིན། དུས་རབས་གསར་བའི་ཏང་གི་འཐབ་ཕྱོགས་གཅིག་གྱུར་བྱ་བའི་ཆེད་དོན་བགྲོ་གླེང་འཛིན་གྲྭའི་བཞུགས་མོལ་ཚོགས་འདུ་པེ་ཅིང་དུ་བསྡུས། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་ཧུའུ་ཉིང་ཚོགས་འདུར་ཞུགས་པར་མ་ཟད་གསུང་བཤད་གནང་།

ཝང་ཧུའུ་ཉིང་གིས་བསྟན་དོན། ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཚུན་ལ། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་ཕྱོགས་ཡོངས་ནས་འཐབ་ཕྱོགས་གཅིག་གྱུར་བྱ་བར་ཤུགས་སྣོན་དང་མ་ལག་ལྡན་པའི་སྒོ་ནས་བཀོད་སྒྲིག་བྱས་པ་དང་། དུས་རབས་གསར་བའི་འཐབ་ཕྱོགས་གཅིག་གྱུར་བྱ་བའི་ཐད་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ལེན་པར་སྐུལ་འདེད་བཏང་བས། དུས་རབས་གསར་བའི་རྒྱལ་གཅེས་འཐབ་ཕྱོགས་གཅིག་གྱུར་ཐད་མཐུན་སྒྲིལ་དང་ཡར་བརྩོན། གསར་འབྱེད། གསོན་ཤུགས་ལྡན་པ་བཅས་ཀྱི་རྣམ་པ་ལེགས་པོ་མངོན་ཡོད། སྐྱོད་ལམ་གསར་བའི་སྟེང་། འཐབ་ཕྱོགས་གཅིག་གྱུར་བྱ་བ་དེ་གནས་བབ་གསར་བ་དང་གནས་ཚུལ་གསར་བར་འཕྲད་ཡོད་ལ། ལས་འགན་སྔར་ལས་ལྕི་ཞིང་བླང་བྱ་སྔར་ལས་མཐོ་བས། ཐོག་མཐའ་བར་གསུམ་དུ་ཏང་གིས་འཐབ་ཕྱོགས་གཅིག་གྱུར་བྱ་བར་ཕྱོགས་ཡོངས་ནས་མགོ་ཁྲིད་པ་དང་ལྷག་པར་དུ་ཏང་ཀྲུང་དབྱང་གི་གཅིག་སྡུད་གཅིག་གྱུར་གྱི་མགོ་ཁྲིད་རྒྱུན་འཁྱོངས་བྱེད་པ་དང་། ཆབ་སྲིད་བརྡར་གཅོད་ནུས་པ་དང་ཆབ་སྲིད་ཤེས་རྟོགས་ནུས་པ། ཆབ་སྲིད་ལག་བསྟར་ནུས་པ་བཅས་མཐོར་འདེགས་བཏང་ནས། འཐབ་ཕྱོགས་གཅིག་གྱུར་བྱ་བའི་ཇུས་ཆོད་བཀོད་སྒྲིག་སྣ་ཚོགས་ཕྱོགས་ཡོངས་ནས་ལག་བསྟར་དངོས་འབེབས་བྱེད་པར་ཁག་ཐེག་བྱེད་དགོས། བསམ་བློ་ཆབ་སྲིད་ཀྱི་ཁྲིད་སྟོན་ལ་ཤུགས་སྣོན་པ་དང་། བློ་བརྟན་འགྱུར་མེད་སྒོས་བློ་སྒྲིལ་སེམས་སྐྱེད་བྱས་ཏེ། མཐུན་སྒྲིལ་འབད་འཐབ་ཀྱི་ཐུན་མོང་གི་བསམ་བློ་ཆབ་སྲིད་རྨང་གཞི་སྔར་ལས་ཇེ་བརྟན་དུ་གཏོང་དགོས། ལྟེ་བར་དམིགས་པ་དང་ཁྱོན་ཡོངས་ལ་ཞབས་འདེགས་ཞུ་བ་རྒྱུན་འཁྱོངས་བྱེད་པ་དང་། འཐབ་ཕྱོགས་གཅིག་གྱུར་གྱི་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བའི་བརྒྱུད་རིམ་ཁྲོད་ཀྱི་འགན་འཁྲི་གལ་ཆེན་དམ་འཛིན་ནན་མོ་བྱས་ནས། མི་སེམས་གཅིག་སྡུད་དང་ཐུན་མོང་ངོས་འཛིན་གཅིག་སྡུད། བློ་གྲོས་གཅིག་སྡུད། སྟོབས་ཤུགས་གཅིག་སྡུད་བཅས་ཀྱི་བྱ་བར་ལེགས་པོར་སྒྲུབ་དགོས། མཐུན་སྒྲིལ་ཆེན་མོ་དང་མཉམ་འབྲེལ་ཆེན་མོ་རྒྱུན་འཁྱོངས་བྱེད་པ་དང་། ཆེས་རྒྱ་ཆེ་བའི་རྒྱལ་གཅེས་གཅིག་གྱུར་འཐབ་ཕྱོགས་སྲ་བརྟན་དང་འཕེལ་རྒྱས་བཏང་སྟེ། འཐབ་ཕྱོགས་གཅིག་གྱུར་ཁོངས་མིའི་མཐུན་སྒྲིལ་དང་འབྲེལ་གཏུག ཞབས་ཞུ། ཁྲིད་སྟོན་བཅས་མངོན་འགྱུར་བྱེད་དགོས།

ཝང་ཧུའུ་ཉིང་གིས་བསྟན་དོན། འཐབ་ཕྱོགས་གཅིག་གྱུར་ཆེན་མོའི་བྱ་བའི་རྣམ་པ་འཐུས་ཚང་དུ་གཏོང་བ་དང་། འཐབ་ཕྱོགས་གཅིག་གྱུར་བྱ་བའི་འགན་འཁྲིའི་ལམ་ལུགས་དོན་འཁྱོལ་བྱས་ཏེ། མཉམ་འཛིན་སྤྱི་འདོམས་ཀྱི་བྱ་བའི་མཉམ་ཤུགས་གྲུབ་པར་བྱེད་དགོས། དངོས་འབེབས་དམ་འཛིན་གྱི་ནུས་པ་མཐོར་འདེགས་བཏང་སྟེ། དངོས་སྒྲུབ་ཁག་ཁུར་ལ་ཤུགས་སྣོན་པ་དང་བདེན་སྲུང་གསར་གཏོད་ལ་སྐུལ་འདེད་གཏོང་བ།  གཟེར་འདེབས་སྙིང་སྟོབས་ལ་བརྟེན་ནས་འཐབ་ཕྱོགས་གཅིག་གྱུར་གྱི་ཁྱབ་ཁོངས་སོ་སོའི་བྱ་བ་དམ་འཛིན་ནན་མོ་བྱེད་དགོས།  ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལག་བསྟར་ཟབ་མོ་བྱེད་པའི་སློབ་སྦྱོང་སློབ་གསོ་ཏན་ཏིག་སྒོས་སྤེལ་བ་དང་། བྱང་ཚད་མཐོ་བའི་ཆེད་ལས་ཅན་གྱི་འཐབ་ཕྱོགས་གཅིག་གྱུར་གྱི་ལས་བྱེད་རུ་ཁག་སྒྲིག་འཛུགས་བྱས་ཏེ། སྙིང་སྟོབས་ཆེར་སྐྱེད་ཀྱི་བསམ་བློའི་རྣམ་པར་བརྟེན་ནས་ལས་སྒྲུབ་འགན་ཁུར་དང་ཁག་ཁུར་ལས་བརྩོན་བྱེད་དགོས།

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན། ཀྲུང་དབྱང་འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་པུའུ་ཀྲང་ལིས་ཀན་ཅེ་ཡིས་ཚོགས་འདུར་མགོ་འཛིན་བྱས། ལེའོ་ཉིང་དང་ཀྲེ་ཅང་། ཧུའུ་ནན། ཀོང་ཏུང་། ཞིན་ཅང་སོགས་ཞིང་ཆེན་གྱི་ཏང་ཨུའི་འཐབ་ཕྱོགས་གཅིག་གྱུར་པུའུ་དང་ཀྲུང་དབྱང་དྲ་འཕྲིན་གཞུང་སྒྲུབ་ཁང་གི་འགན་འཁུར་བློ་མཐུན་གྱིས་གཏམ་བཤད།

ལྷ་མོ་འཚོས་བསྒྱུར།