ཀྲའོ་ལི་ཅི་ཡིས་སོ་སོར་ཁེན་ནི་ཡའི་ཙུང་ཐུང་ལུའུ་ཐོ་དང་ཨ་སེ་པད་ཅང་གི་ཙུང་ཐུང་ཨ་ལིས་ཡེ་ཧྥུའུ་ལ་མཇལ་འཕྲད་གནང་།
2025.04.24 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 10

རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ཀྲའོ་ལི་ཅི་ཡིས་ཚེས23ཉིན་གྱི་ཕྱི་དྲོར་པེ་ཅིང་དུ་སོ་སོར་ཁེན་ནི་ཡའི་ཙུང་ཐུང་ལུའུ་ཐོ་དང་ཨ་སེ་པད་ཅང་གི་ཙུང་ཐུང་ཨ་ལིས་ཡེ་ཧྥུའུ་ལ་མཇལ་འཕྲད་གནང་།

ཟླ4ཚེས23ཉིན། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ཀྲའོ་ལི་ཅི་ཡིས་པེ་ཅིང་དུ་ཁེན་ནི་ཡའི་ཙུང་ཐུང་ལུའུ་ཐོ་ལ་མཇལ་འཕྲད་གནང་།

ལུའུ་ཐོ་ལ་མཇལ་འཕྲད་གནང་སྐབས། ཀྲའོ་ལི་ཅི་ཡིས་བསྟན་དོན། ཉེ་བའི་ལོ་ཤས་རིང་། ཀྲུའུ་ཞི་ཞི་ཅིན་ཕིང་དང་ཙུང་ཐུང་སྐུ་ཞབས་གཉིས་ཀྱི་འཐབ་ཇུས་སྣེ་ཁྲིད་འོག ཀྲུང་གོ་དང་ཁེན་ནི་ཡས་ལག་རྡང་སྦྲེལ་ནས་རྒྱུད་གཅིག་ལམ་གཅིག་ལམ་སྐྲུན་བྱས་ནས་གྲུབ་འབྲས་ཕུན་སུམ་ཚོགས་པའི་མཉམ་ལས་མཉམ་རྒྱལ་གྱི་བགྲོད་ལམ་ཞིག་ཏུ་བསྐྱོད་ཡོད། ཀྲུང་གོའི་ཕྱོགས་ཀྱིས་ཁེན་ནི་ཡ་ཕྱོགས་དང་མཉམ་དུ་རྒྱལ་ཁབ་གཉིས་ཀྱི་གཙོ་འཛིན་བར་བྱུང་བའི་ཐུན་མོང་ངོས་འཛིན་ལག་བསྟར་བྱེད་པ་དང་། ཕྱོགས་ཡོངས་ཀྱི་གཉིས་ཕན་མཉམ་ལས་གཏིང་ཟབ་ཏུ་བཏང་སྟེ། ཀྲུང་གོ་དང་ཁེན་ནི་ཡའི་ཁྱོན་ཡོངས་ཀྱི་འཐབ་ཇུས་མཉམ་ལས་རོགས་རེས་འབྲེལ་བ་དེ་དུས་རབས་གསར་བར་སྐས་རིམ་གསར་བ་ཞིག་ཏུ་སླེབས་པར་སྐུལ་འདེད་གཏོང་འདོད་ཡོད། ཀྲུང་གོའི་རྒྱལ་ཡོངས་དམངས་ཆེན་གྱིས་ཁེན་ནི་ཡའི་གྲོས་ཚོགས་དང་མཉམ་དུ་ཁྲིམས་འཛུགས་སྒྲིག་གཞིའི་རྐྱེན་སྲོལ་སྟེགས་བུ་བཀོལ་སྤྱོད་ལེགས་པོ་བྱེད་པ་དང་། རིམ་པ་སོ་སོའི་འགྲོ་འོང་ལ་ཤུགས་སྣོན་བྱེད་པ། ཁྲིམས་འཛུགས་དང་ལྟ་སྐུལ། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་སོགས་ཁྱབ་ཁོངས་ཀྱི་ཉམས་མྱོང་བརྗེ་རེས་གཏིང་ཟབ་ཏུ་བཏང་ནས་རྒྱལ་ཁབ་གཉིས་ཀྱི་དངོས་གཉེར་མཉམ་ལས་ཐད་ཁྲིམས་སྐྱོང་གི་འགན་སྲུང་འདོན་སྤྲོད་བྱེད་འདོད་ཡོད།

ལུའུ་ཐོ་ཡིས་བསྟན་དོན། ཁེན་ནི་ཡ་དང་ཀྲུང་གོ་རྒྱལ་ཁབ་གཉིས་ཀྱི་མཛའ་བརྩེ་གཏིང་ཟབ་ལ། ཐུན་མོང་གི་ཁེ་ཕན་རྒྱ་ཆེ། ཁེན་ནི་ཡ་ཕྱོགས་ཀྱིས་ཀྲུང་གོ་གཅིག་གི་རྩ་དོན་བརྩི་སྲུང་བྱེད་པ་དང་། ཀྲུང་གོའི་ཕྱོགས་དང་མཉམ་དུ་དཔལ་འབྱོར་དང་རིག་གནས་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ལ་ཤུགས་སྣོན་བྱེད་པ། ཁྲིམས་འཛུགས་སྒྲིག་གཞིའི་འགྲོ་འོང་ཇེ་ཟབ་ཏུ་བཏང་ནས། ཕྱོགས་མང་རིང་ལུགས་ལ་མཉམ་དུ་སྲུང་སྐྱོབ་བྱེད་པ་དང་ཕྱོགས་མང་ཉོ་ཚོང་རྐྱེན་སྲོལ་ལ་སྲུང་སྐྱོབ་བྱེད་འདོད་ཡོད་ཟེར།

ཟླ4ཚེས23ཉིན། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ཀྲའོ་ལི་ཅི་ཡིས་པེ་ཅིང་དུ་ཨ་སེ་པད་ཅང་གི་ཙུང་ཐུང་ཨ་ལིས་ཡེ་ཧྥུའུ་ལ་མཇལ་འཕྲད་གནང་།

ཨ་ལིས་ཡེ་ཧྥུའུ་ལ་མཇལ་འཕྲད་གནང་སྐབས། ཀྲའོ་ལི་ཅི་ཡིས་བསྟན་དོན། ཀྲུང་གོ་དང་ཨ་སེ་པད་ཅང་ནི་ཕན་ཚུན་ཡིད་ཆེས་བྱེད་པའི་གྲོགས་པོ་བཟང་པོ་དང་། འདྲ་མཉམ་གཉིས་ཕན་ཀྱི་སྤུན་ཟླ་བཟང་པོ་ཡིན། དེ་རིང་སྔ་དྲོར། ཀྲུའུ་ཞི་ཞི་ཅིན་ཕིང་དང་ཙུང་ཐུང་སྐུ་ཞབས་གཉིས་ཀྱིས་གྲོས་མོལ་གནང་ནས་ཀྲུང་ཨའི་འབྲེལ་བའི་འཕེལ་རྒྱས་ཐད་འཆར་འགོད་གསར་པ་གནང་ཡོད། ཀྲུང་གོའི་ཕྱོགས་ཀྱིས་ཨ་སེ་པད་ཅང་ཕྱོགས་དང་མཉམ་དུ་རྒྱལ་ཁབ་གཉིས་ཀྱི་གཙོ་འཛིན་བར་བྱུང་བའི་ཐུན་མོང་ངོས་འཛིན་རྩ་བའི་གཞི་འཛིན་སར་བྱེད་པ་དང་། སྲོལ་རྒྱུན་མཛའ་བརྩེ་རྒྱུན་བསྲིང་བ། ཁྱབ་ཁོངས་སོ་སོའི་མཉམ་ལས་ལ་ཤུགས་སྣོན་བྱས་ནས། ཀྲུང་ཨའི་ཁྱོན་ཡོངས་ཀྱི་འཐབ་ཇུས་རོགས་རེས་འབྲེལ་བ་སྔར་ལས་གོང་འཕེལ་འགྲོ་བར་སྐུལ་འདེད་གཏོང་འདོད་ཡོད་ལ། ཀྲུང་གོའི་རྒྱལ་ཡོངས་དམངས་ཆེན་གྱིས་ཨ་སེ་པད་ཅང་རྒྱལ་དམངས་གྲོས་ཚོགས་བར་དུ་འགྲོ་འོང་དམ་ཟབ་རྒྱུན་འཁྱོངས་བྱེད་པ་དང་། ཁྲིམས་འཛུགས་དང་ལྟ་སྐུལ། རྒྱུན་མཐུད་འཕེལ་རྒྱས་སོགས་ཁྱབ་ཁོངས་ཀྱི་ཉམས་མྱོང་བརྗེ་རེས་ལ་སྐུལ་འདེད་བཏང་ནས། ཀྲུང་ཨའི་འབྲེལ་བ་ཡུན་རིང་བརྟན་པོར་ཡོང་བའི་ཐད་སྟོབས་ཤུགས་འབུལ་འདོད་ཡོད། 

ཨ་ལིས་ཡེ་ཧྥུའུ་ཡིས་བསྟན་དོན། ཨ་སེ་པད་ཅང་དང་ཀྲུང་གོའི་འབྲེལ་བ་ལོ་རྒྱུས་ཀྱི་ཆེས་བཟང་པོའི་དུས་སྐབས་སུ་གནས་ཡོད་ལ། ཨ་སེ་པད་ཅང་ཕྱོགས་ཀྱིས་ཀྲུང་གོ་གཅིག་གི་རྩ་དོན་བརྩི་སྲུང་བྱེད་པ་དང་། ཀྲུང་གོའི་བར་གྱི་དཔལ་འབྱོར་ཚོང་དོན་དང་མི་གཞུང་མཉམ་ལས། རྒྱལ་སྤྱིའི་མཉམ་ལས་བཅས་གཏིང་ཟབ་ཏུ་གཏོང་བ། ཁྲིམས་འཛུགས་སྒྲིག་གཞིའི་བརྗེ་རེས་ལ་ཤུགས་སྣོན་བྱས་ནས་ཕྱོགས་གཉིས་ཀྱི་འབྲེལ་བའི་འཕེལ་རྒྱས་ཐད་སྒུལ་ནུས་སྟོབས་ཆེན་འདོན་སྤྲོད་བྱེད་འདོད་ཡོད་ཟེར། 

ཏེན་ཀྲུང་ལིས་གོང་གསལ་གྱི་བྱེད་སྒོར་ཞུགས།

ཤ་བོ་གསེར་མཚོས་བསྒྱུར།