ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་ཧུའུ་ཉིང་གིས་ཚེས23ཉིན་པེ་ཅིང་དུ་འཇར་པན་ཀུང་མེན་ཏང་གི་མགོ་གཙོ་ཆི་ཐིན་ཐེ་ཧྥུའུ་ཡིས་སྣེ་ཁྲིད་པའི་འཐུས་ཚབ་ཚོགས་པར་མཇལ་འཕྲད་གནང།
ཝང་ཧུའུ་ཉིང་གིས་བསྟན་དོན། ན་ནིང་གི་ཟླ11པར། ཀྲུའུ་ཞི་ཞི་ཅིན་ཕིང་གིས་ལི་མ་རུ་ཧྲི་ཕོ་མའོ་ཡི་དབུ་བཞུགས་བློན་ཆེན་དང་རྒྱལ་ཁའི་ངང་གྲོས་མོལ་གནང་ནས། ཀྲུང་གོ་དང་འཇར་པན་གྱི་འཐབ་ཇུས་གཉིས་ཕན་འབྲེལ་བར་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་བར་མགྲིན་གཅིག་ཏུ་ཡིད་འཐད་བྱུང་། ཀྲུང་གོ་དང་འཇར་པན་ཕྱོགས་གཉིས་ཀྱིས་མཉམ་དུ་རྒྱལ་ཁབ་གཉིས་ཀྱི་མགོ་ཁྲིད་པའི་ཐུན་མོང་ངོས་འཛིན་ལག་བསྟར་བྱེད་པ་དང་། ཕན་ཚུན་ཡིད་ཆེས་རྒྱུན་འཁྱོངས་བྱེད་པ། ཡང་དག་པའི་ཤེས་རྟོགས་འཛུགས་པ། མཉམ་ལས་མཉམ་རྒྱལ་ལ་སྐུལ་འདེད་གཏོང་བ་དང་ལག་རྡང་སྦྲེལ་ནས་འགྲན་སློང་ལ་ཁ་གཏད་འཇལ་དགོས། རྒྱལ་ཁབ་གཉིས་ཀྱི་སྲིད་སྐྱོང་ཏང་གིས་དུས་རབས་གསར་པའི་བླང་བྱ་དང་མཐུན་པའི་ཀྲུང་གོ་དང་འཇར་པན་གྱི་འབྲེལ་བ་འཛུགས་རྒྱུར་འབད་བརྩོན་བྱེད་པའི་ཐད་ཆབ་སྲིད་ཀྱི་ཁྲིད་སྟོན་ནུས་པ་འདོན་སྤེལ་བྱེད་དགོས་ལ། ཀྲུང་གོའི་རྒྱལ་ཡོངས་སྲིད་གྲོས་ཀྱིས་འཇར་པན་ཕྱོགས་ཀྱི་འབྲེལ་ཡོད་ལས་ཁུངས་དང་བརྗེ་རེས་མཉམ་ལས་བྱ་རྒྱུར་མོས་མཐུན་ཡོད།
ཆི་ཐིན་ཐེ་ཧྥུའུ་ཡིས་བསྟན་དོན། འཇར་པན་ཀུང་མེན་ཏང་གིས་ཀྲུང་གོ་དང་འཇར་པན་གྱི་མཛའ་མཐུན་སྙིང་སྟོབས་ཡུན་རིང་རྒྱུན་འཁྱོངས་དང་རྒྱུད་འཛིན་བྱེད་ཀྱིན་ཡོད་ལ། སྲིད་སྐྱོང་ཏང་གི་བརྗེ་རེས་འགྲོ་འོང་བརྒྱུད་ནས་རྒྱལ་ཁབ་གཉིས་ཀྱི་མགོ་ཁྲིད་པའི་ཐུན་མོང་ངོས་འཛིན་ལག་བསྟར་བྱེད་པར་སྐུལ་འདེད་གཏོང་བ་དང་། རྒྱལ་ཁབ་གཉིས་ཀྱི་འབྲེལ་བའི་དམངས་འདོད་རྨང་གཞི་ཇེ་ལེགས་སུ་གཏོང་བ། ཚོང་དོན་དང་ཡུལ་སྐོར། ས་གནས། ན་གཞོན་སོགས་ཁྱབ་ཁོངས་ཀྱི་བརྗེ་རེས་ལ་སྐུལ་འདེད་བཏང་ནས། རྒྱལ་ཁབ་གཉིས་ཀྱི་མི་དམངས་ཀྱིས་འཇར་ཀྲུང་འབྲེལ་བའི་ལེགས་སྒྱུར་འཕེལ་རྒྱས་ཀྱི་གྲུབ་འབྲས་ཉམས་སུ་མྱོང་ཐུབ་པར་བྱེད་འདོད་ཡོད།
ཝང་ཏུང་ཧྥིན་སོགས་མཇལ་འཕྲད་ལ་ཞུགས།
ཤ་བོ་གསེར་མཚོས་བསྒྱུར།