རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཆང་གིས་ཟླ4པའི་ཚེས23ཉིན་གྱི་ཕྱི་དྲོར་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོའི་ནང་དུ་ཀྲུང་གོར་རྒྱལ་དོན་འཚམས་འདྲིར་ཡོང་བའི་ཨ་སེ་པད་ཅང་གི་ཙུང་ཐུང་ཨ་ལེ་ཡེ་ཧྥུའུ་ལ་མཇལ་འཕྲད་གནང་།
ལིས་ཆང་གིས་བསྟན་དོན། ཀྲུང་གོ་དང་ཨ་སེ་པད་ཅང་ནི་བློ་དཀར་ཡིད་རྟོན་གྱི་གྲོགས་པོ་བཟང་བོ་ཡིན་ལ། འདྲ་མཉམ་གཉིས་ཕན་གྱི་ཟླ་གྲོགས་བཟང་བོ་ཡིན། དེ་རིང་སྔ་དྲོར་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སྐུ་ཞབས་ཙུང་ཐུང་དང་མཉམ་དུ་གྲོས་ཚོགས་བསྡུས་ནས། རྒྱལ་ཁབ་གཉིས་ཀྱིས་ཁྱོན་ཡོངས་འཐབ་ཇུས་མཉམ་ལས་ཟླ་གྲོགས་ཀྱི་འབྲེལ་བ་བཙུགས་པ་ཁྱབ་སྒྲོག་བྱས་ནས། རྒྱལ་ཁབ་གཉིས་ཀྱ་འབྲེལ་བའི་འཕེལ་རྒྱས་ལ་ལེའུ་གསར་བ་བྲིས། ཀྲུང་གོ་ཕྱོགས་ཀྱིས་རྒྱུད་གཅིག་ལམ་གཅིག་མཉམ་འཛུགས་དང་ཨ་སེ་པད་ཅང་ཕྱོགས་ཀྱི་འཕེལ་རྒྱས་འཐབ་ཇུས་སྦྲེལ་མཐུད་བྱས་ནས། རྒྱལ་ཁབ་གཉིས་ཕན་ཚུན་འབྲེལ་འདྲིས་དང་། ནུས་ཁུངས་བརྗེ་རེས། གཞི་གྲངས་དཔལ་འབྱོར། ཉོ་འཚོང་། མི་ཆོས་སོགས་ཁྱབ་ཁོངས་སུ་བརྗེ་རེས་མཉམ་ལས་བྱས་ནས། མཉམ་རྒྱལ་གྱི་བར་སྟོང་སྔར་ལས་མང་བ་གསར་སྐྲུན་བྱ་འདོད་ཡོད། ཕྱོགས་གཉིས་ཀྱིས་ཕྱོགས་མང་འབྲེལ་འདྲིས་མཐུན་སྦྱོར་གཏིང་ཟབ་བྱེད་པ་དང་། ཐུན་མོང་གི་ཁེ་ཕན་ལ་སྲུང་སྐྱོང་ལེགས་པོ་བྱ་དགོས།
ཨ་ལེ་ཡེ་ཧྥུའུ་ཡིས་བསྟན་དོན། ཨ་སེ་པད་ཅང་ཕྱོགས་ཀྱིས་ཀྲུང་གོ་གཅིག་གི་རྩ་དོན་བརྩི་སྲུང་བྱེད་པ་དང་། ཀྲུང་གོ་ཕྱོགས་ཀྱིས་མཐོ་རིམ་འགྲོ་འོང་གཏིང་ཟབ་བྱས་ནས། ཉོ་འཚོང་དང་འགྲིམ་འགྲུལ། ནུས་ཁུངས། ཞིང་ལས་སོགས་ཀྱི་ཁྱབ་ཁོངས་སུ་གཉིས་ཕན་མཉམ་ལས་བྱས་ནས། ཕྱོགས་མང་འབྲེལ་འདྲིས་མཐུན་སྦྱོར་ལ་ཤུགས་བསྣན་ཏེ། རྒྱལ་ཁབ་གཉིས་ཀྱི་ཁྱོན་ཡོངས་འཐབ་ཇུས་རོགས་རེས་འབྲེལ་བའི་ནང་དོན་ཕུན་སུམ་ཇེ་ཚོགས་སུ་གཏོང་རྒྱུའི་རེ་བ་ཡོད།
སྐལ་བཟང་རྣམ་རྒྱལ་གྱིས་བསྒྱུར།