ལིས་ཆང་གིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་ཚོགས་འདུར་མགོ་འཛིན་མཛད།
2025.04.28 ཁུངས། ཀློག་གྲངས། 10

རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཆང་གིས་ཟླ4ཚེས27ཉིན་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་ཚོགས་འདུར་མགོ་འཛིན་མཛད་པ་དང་། མཛེས་སྡུག་ལྡན་པའི་མཚོ་དང་མཚེའུ་ལ་སྲུང་སྐྱོབ་དང་འཛུགས་སྐྲུན་བྱེད་པའི་འགུལ་སྐྱོད་སྤེལ་བར་བཀོད་སྒྲིག་བྱས་ཤིང་། དཀའ་ངལ་ཡོད་པའི་བྱིས་པའི་ཕན་བདེའི་འགན་སྲུང་ལ་སྔར་ལས་ཤུགས་སྣོན་བྱེད་པའི་འབྲེལ་ཡོད་བྱེད་ཐབས་ལ་ཞིབ་འཇུག་བྱས་པར་མ་ཟད། 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྨན་བཅོས་འགན་སྲུང་བཅའ་ཁྲིམས་འཆར་ཟིན》ལ་བགྲོ་གླེང་བྱས་ནས། ཀྲིའུ་ཅང་གི་སན་མུན་ཉིང་རྡུལ་གློག་ས་ཚིགས་ཀྱི་དུས་སྐབས་གསུམ་པའི་བཟོ་སྐྲུན་སོགས་ཉིང་རྡུལ་གློག་གི་ལས་གཞིར་ཆོག་མཆན་འགོད་རྒྱུ་ཐག་བཅད།

ཚོགས་འདུ་ལས་བསྟན་དོན། ཉེ་བའི་ལོ་འགའི་རིང་ལ་གཙང་ཆུ་སྲུང་སྐྱོབ་དམག་འཐབ་གཏིང་ཟབ་ཏུ་སྤེལ་བ་བརྒྱུད་ནས་རང་རྒྱལ་གྱི་ཆུའི་སྐྱེ་ཁམས་ཁོར་ཡུག་གི་སྤུས་ཚད་རྒྱུན་མཐུད་ངང་ཇེ་ལེགས་སུ་ཕྱིན་ཡོད། འགན་འཁྲིའི་འདུ་ཤེས་དང་ཁག་ཁུར་འདུ་ཤེས་སྔར་ལས་ཇེ་དྲག་ཏུ་གཏོང་བ་དང་། གནད་འཁེལ་ངང་སྦག་བཙོག་བཅོས་སྐྱོང་དང་ཚན་རིག་དང་མཐུན་པའི་སྦག་བཙོག་བཅོས་སྐྱོང་། ཁྲིམས་ལྟར་སྦག་བཙོག་བཅོས་སྐྱོང་བྱེད་པ་རྒྱུན་འཁྱོངས་བྱེད་པ། ཆུའི་ཐོན་ཁུངས་དང་ཆུའི་ཁོར་ཡུག ཆུའི་སྐྱེ་ཁམས་གཅིག་འདོམས་བཅོས་སྐྱོང་བྱེད་པ། འབབ་རྒྱུད་གལ་ཆེན་དུ་སྟོད་རྒྱུད་དང་སྨད་རྒྱུད་གཅིག་གྱུར་གྱི་སྐྱེ་ཁམས་ཁོར་ཡུག་བཅོས་སྐྱོང་མ་ལག་འཛུགས་རྒྱུར་སྐུལ་འདེད་བཏང་ནས་མཚོ་དང་མཚེའུ་ཡི་སྐྱེ་ཁམས་སྲུང་སྐྱོང་དང་འཛུགས་སྐྲུན་ལ་སྐུལ་འདེད་ཤུགས་ཆེན་གཏོང་དགོས། འབྱུང་ཁུངས་བཅོས་སྐྱོང་དམ་འཛིན་ནན་མོ་བྱེད་པ་དང་། གཙང་བོ་དང་མཚེའུ་གལ་ཆེན་གཙོ་གནད་དུ་བྱེད་པ། ལྟ་ཞིབ་ཚད་ལེན་དང་འབྱུང་ཁུངས་རྗེས་འདེད་ལ་ཤུགས་སྣོན་བརྒྱག་པ། བཟོ་ལས་ཀྱི་བཙོག་ཆུ་དང་། འཚོ་བའི་བཙོག་ཆུ། ཞིང་ལས་ཀྱི་ངོས་ཁུངས་སྦགས་བཙོག་སོགས་ཚད་བརྒལ་གྱིས་ཕྱིར་གཏོང་བར་སྔོན་འགོག་ནན་མོ་བྱ་དགོས། ཡུན་ཕན་ལམ་སྲོལ་འཐུས་ཚང་དུ་གཏོང་བ་དང་། གཤོང་འགོགཟུང་འབྲེལ་རྒྱུན་འཁྱོངས་བྱས་ཏེ་ཁེ་ལས་ལ་ནུས་ཁུངས་གྲོན་ཆུང་དང་བཙོག་འབུད་ཉུང་གཏོང་གི་བསྒྱུར་བཀོད་ལག་བསྟར་བྱེད་པར་ཁྲིད་སྟོན་བྱེད་པ། ས་གནས་ཀྱིས་ཁོར་ཡུག་གི་རྨང་གཞིའི་སྒྲིག་བཀོད་ཀྱི་ཞན་ཆ་ཁ་གསབ་བྱེད་པར་རྒྱབ་སྐྱོར་བྱེད་པ། དམངས་ཡོངས་ཀྱི་མཚོ་དང་མཚེའུ་སྲུང་སྐྱོང་འདུ་ཤེས་ཇེ་དྲག་ཏུ་བཏང་ནས་མཛེས་སྡུག་ལྡན་པའི་མཚོ་དང་མཚེའུ་མཉམ་འཛུགས་མཉམ་སྤྱོད་ཀྱི་ཁོར་ཡུག་བཟང་པོ་བསྐྲུན་དགོས།

ཚོགས་འདུ་ལས་བསྟན་དོན། དཀའ་ངལ་ཡོད་པའི་བྱིས་པའི་ཕན་བདེའི་འགན་སྲུང་ལ་ཤུགས་སྣོན་བྱེད་རྒྱུ་དེ་བྱིས་པའི་ཚེ་སྲོག་ཁེ་ཕན་དང་ཁྱིམ་ཚང་འཆམ་མཐུན་བདེ་སྐྱིད། སྤྱི་ཚོགས་དཔལ་ཡོན་ཡར་རྒྱས་བཅས་ལ་འབྲེལ་བ་ཡོད་པས། བྱིས་པ་སྔོན་ལ་འཕེལ་རྒྱས་སུ་འགྲོ་བ་དང་བྱིས་པར་ཕན་པའི་རྩ་དོན་རྒྱུན་འཁྱོངས་བྱེད་པ། འགན་འཁྲི་དང་བརྩེ་སེམས་འཆང་ནས་དཀའ་ངལ་ཡོད་པའི་བྱིས་པའི་བདེ་ཐང་འཚར་ལོངས་ལ་མཉམ་དུ་སྲུང་སྐྱོབ་བྱེད་དགོས་ལ། གཞི་རྩའི་འཚོ་བའི་འགན་སྲུང་དང་སྨན་བཅོས་གསོ་བཅོས། གཞི་རྩའི་སྤྱི་ཐུན་སློབ་གསོ། སེམས་ཁམས་བདེ་ཐང་བྱམས་བརྩེ་སོགས་ཞབས་ཞུའི་མ་ལག་རྒྱུན་མཐུད་ངང་འཐུས་ཚང་དུ་གཏོང་བ་དང་། དཀའ་ངལ་ཡོད་པའི་བྱིས་པའི་དགོས་མཁོར་གཞིགས་ནས་རིགས་དབྱེས་ཏེ་སྲིད་ཇུས་ལག་བསྟར་བྱེད་པ་དང་། ཕན་ནུས་ལྡན་པའི་སྒོ་ནས་ཕན་བདེའི་འགན་སྲུང་ཆུ་ཚད་མཐོར་འདེགས་སུ་གཏོང་དགོས། མིའི་ཚེ་སྲོག་བདེ་འཇགས་ཀྱི་སྲུང་སྐྱོབ་མ་ལག་སྲ་བརྟན་དུ་གཏོང་བ་དང་། དཀའ་ངལ་ཡོད་པའི་བྱིས་པར་གནོད་འཚེ་གཏོང་བའི་རིགས་སོ་སོའི་ཁྲིམས་འགལ་ནག་ཉེས་བྱ་སྤྱོད་སྔོན་འགོག་དང་ཁྲིམས་ལྟར་ཆད་པ་ནན་མོ་གཅོད་དགོས། བྱ་བའི་རང་འགུལ་རང་བཞིན་དང་སྔོན་དཔག་རང་བཞིན་ཇེ་དྲག་ཏུ་གཏོང་བ་དང་། ཕྱོགས་སོ་སོའི་འགན་འཁྲི་གཟབ་ནན་ཏུ་བཏང་ནས་དཀའ་ངལ་ཡོད་པའི་བྱིས་པའི་ཁྲིམས་མཐུན་ཁེ་དབང་ལ་ངེས་པ་དོན་གྱིས་སྲུང་སྐྱོང་བྱེད་དགོས། 

ཚོགས་འདུ་ལས《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྨན་བཅོས་འགན་སྲུང་བཅའ་ཁྲིམས་འཆར་ཟིན》ལ་བགྲོ་གླེང་བྱས་པར་མ་ཟད་རྩ་དོན་ཐོག་གྲོས་འཆམ་བྱུང་བ་དང་། འཆར་ཟིན་དེ་རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་ལ་གྲོས་ཞིབ་བྱེད་པར་སྤྲོད་རྒྱུར་ཐག་བཅད། གྲོས་ཚོགས་ལས་བསྟན་དོན། ཐེངས་འདིའི་ཁྲིམས་འཛུགས་གོ་སྐབས་སུ་བརྩིས་ཏེ་རང་རྒྱལ་གྱི་སྨན་བཅོས་འགན་སྲུང་སྲིད་ཇུས་མ་ལག་སྔར་ལས་འཐུས་ཚང་དུ་གཏོང་བ་དང་། ཕན་ནུས་ལྡན་པའི་སྒོ་ནས་འགན་སྲུང་མི་སྣའི་ཁྲིམས་མཐུན་ཁེ་དབང་ལ་སྲུང་སྐྱོབ་བྱས་ནས། མི་དམངས་མང་ཚོགས་ཀྱིས་སྨན་པར་སྟོན་པའི་ལམ་ལུགས་རྨང་གཞི་སྲ་བརྟན་དུ་གཏོང་དགོས། སྨན་བཅོས་ཐེབས་རྩའི་ལྟ་སྐུལ་ལ་ཤུགས་སྣོན་བརྒྱག་པ་དང་། ལྟ་སྐུལ་ཞིབ་བཤེར་རྐྱེན་སྲོལ་འཐུས་ཚང་དུ་གཏོང་བ། སྨན་བཅོས་རྫུན་མ་དང་སྨན་རྫས་རྫུན་མ་ཉོ་བ་སོགས་མགོ་གཡོག་མགོ་སྐོར་གྱི་བྱ་སྤྱོད་ལ་རྡུང་རྡེག་ནན་མོ་གཏོང་དགོས། བཅའ་ཁྲིམས་དྲིལ་སྒྲོག་སློབ་གསོར་ཤུགས་སྣོན་བརྒྱག་པ་དང་། སྨན་བཅོས་ལས་ཁུངས་དང་སྨན་དོན་མི་སྣ། མང་ཚོགས་ཀྱི་ཁྲིམས་སྲུང་འདུ་ཤེས་མཐོར་འདེགས་སུ་བཏང་ནས་སྨན་བཅོས་སྒྲིག་ལམ་དང་སྨན་བཅོས་བྱ་སྤྱོད་ཚད་ལྡན་དུ་གཏོང་དགོས། 

གྲོས་ཚོགས་ལས་ནན་གྱིས་བསྟན་དོན། ཉིང་རྡུལ་གློག་འཕེལ་རྒྱས་སུ་གཏོང་བར་ངེས་པར་དུ་བདེ་འཇགས་ཐད་གནད་དོན་མེད་པར་ཁག་ཐེག་བྱེད་པ་དང་། འཛུགས་སྐྲུན་ཁྲོད་ཞུགས་པའི་ལས་ཁུངས་དང་གཙོ་དོན་ལས་ཁུངས་ཀྱི་གཙོ་གཟུགས་འགན་འཁྲི་གཟབ་ནན་དུ་གཏོང་བ། གོ་ལ་ཧྲིལ་བོའི་ཆེས་མཐོ་བའི་བདེ་འཇགས་ཚད་གཞི་ལྟར་ཉིང་རྡུལ་གློག་གི་འཕྲུལ་ཚན་འཛུགས་སྐྲུན་དང་ལས་གཉེར་བྱེད་པ། བདེ་འཇགས་ལྟ་སྐུལ་དོ་དམ་ནུས་པ་འཛུགས་སྐྲུན་ལ་རྒྱུན་མཐུད་ངང་ཤུགས་སྣོན་བྱས་ནས་ཉིང་རྡུལ་གློག་གི་བདེ་འཇགས་འགན་སྲུང་དྲ་བ་བརྟན་པོར་འཛུགས་དགོས།

གྲོས་ཚོགས་ལས་ད་དུང་དོན་དག་གཞན་པར་ཞིབ་འཇུག་བྱས།

ཤ་བོ་གསེར་མཚོས་བསྒྱུར།