ཞིང་ཆེན་ཏང་ཨུའི་ཁུལ་ཁོངས་མཐུན་སྦྱོར་འཕེལ་རྒྱས་མགོ་ཁྲིད་ཚན་ཆུང་གིས་གྲོས་ཚོགས་བསྡུས།
2025.04.28 ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 2

ཟླ4པའི་ཚེས27ཉིན། ཞིང་ཆེན་ཏང་ཨུའི་ཁུལ་ཁོངས་མཐུན་སྦྱོར་འཕེལ་རྒྱས་མགོ་ཁྲིད་ཚན་ཆུང་གིས་གྲོས་ཚོགས་ཐེངས་གསུམ་པ་བསྡུས་ནས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཁུལ་ཁོངས་མཐུན་སྦྱོར་འཕེལ་རྒྱས་སྐོར་གྱི་རྒྱས་བཤད་གལ་ཆེན་དང་མཚོ་སྔོན་དུ་གཟིགས་ཞིབ་མཛད་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པ་དང་། རྒྱལ་ཁབ་ཀྱི་ཁུལ་ཁོངས་འཕེལ་རྒྱས་ཀྱི་འཐབ་ཇུས་གལ་ཆེན་ཁྲོད་འདྲེས་པར་བྱས་ཏེ། གྲོང་ཁྱེར་དང་གྲོང་གསེབ་དང་མཉམ་འདྲེས་ཀྱི་བྱ་བ་ལེགས་པོར་བསྒྲུབ་པ་དང་། ཁུལ་ཁོངས་མཐུན་སྦྱོར་གྱི་ཁྱོན་ཡོངས་ལ་དམིགས་ནས། ནུས་ཤུགས་ཡོད་རྒུས་མཚོ་སྔོན་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་དཔེ་རིས་གསར་བ་འབྲི་དགོས་པ་ནན་གྱིས་བསྟན། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཝུའུ་ཞའོ་ཅུན་གྱིས་གཏམ་བཤད་པ་དང་། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ལའོ་ཏུང་ཁྲོན་གྱིས་གྲོས་ཚོགས་ལ་མགོ་འཛིན་བྱས།

གྲོས་ཚོགས་ལས་བསྟན་དོན། ཁུལ་ཁོངས་མཐུན་སྦྱོར་འཕེལ་རྒྱས་ལ་གཅིག་འདོམས་བྱེད་པ་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བཏོན་པའི་བླང་བྱ་གལ་ཆེན་ལག་བསྟར་དོན་འཁྱོལ་བྱེད་པའི་བྱེ་བྲག་གི་ལག་ལེན་ཡིན་ལ། མཚོ་སྔོན་གྱི་ཁུལ་ཁོངས་འཕེལ་རྒྱས་དོ་མི་སྙོམས་པའི་དངོས་ཡོད་ཀྱི་དགོས་མཁོ་དང་། རྒྱལ་ཡོངས་ཀྱི་ཁྱོན་ཡོངས་ཁྲོད་འདྲེས་པ་དང་དེར་ཞབས་འདེགས་ཞུ་བའི་བྱེད་ཐབས་གལ་ཆེན། དེང་རབས་ཅན་གྱི་མཚོ་སྔོན་གསར་བ་མགྱོགས་མྱུར་ངང་འཛུགས་སྐྲུན་བྱེད་པའི་ངེས་བརྒྱུད་ལམ་བུ་བཅས་ཡིན། བསམ་བློ་སྔར་ལས་གཅིག་གྱུར་དང་ཐུན་མོང་ངོས་འཛིན་གཅིག་སྡུད་བྱེད་པ་དང་། ཞིང་ཆེན་གྱི་གནས་ཚུལ་ཁྱད་རྟགས་དང་གོ་སྐབས་འགྲན་རྩོད་དམ་འཛིན་ལེགས་པོ་བྱས་ཏེ།  འཐབ་ཇུས་ཀྱི་ངེས་ཤུགས་རྒྱུན་སྲུང་བྱེད་པ་དང་། རང་འགུལ་གྱིས་བྱ་བ་སྒྲུབ་པ་དང་དཀའ་བར་མི་འཛེམ་པར་མདུན་དུ་སྐྱོད་པ། འགག་སྒྲོལ་དཀའ་སེལ་གྱི་བརྒྱུད་རིམ་ཁྲོད་གོ་སྐབས་གསར་བ་བསུ་བ་དང་རྣམ་པ་གསར་བ་བཏོད་ནས། ཞིང་ཆེན་ཡོངས་ཀྱི་ལོ་ལྔའི་འཆར་འགོད་བཅོ་ལྔ་པ་དང་དུས་ཡུན་དེ་ལས་རིང་པོའི་ཁུལ་ཁོངས་མཐུན་སྦྱོར་འཕེལ་རྒྱས་ཀྱི་རྨང་གཞི་སྲ་བརྟན་དང་སྒྲིག་གཞི་ལེགས་པོར་འགོད་དགོས།

གྲོས་ཚོགས་ལས་ནན་གྱིས་བསྟན་དོན། ཁུལ་ཁོངས་མཐུན་སྦྱོར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་། བྱེད་ཐབས་དང་བརྒྱུད་ལམ་ཡང་དག་པ་འཚོལ་བ། ལོ་ལྔའི་འཆར་འགོད་བཅུ་བཞི་པའི་མཇུག་བསྡུ་བ་དང་ལོ་ལྔའི་འཆར་འགོད་བཅོ་ལྔ་པར་དམིགས་ནས། རྒྱལ་ཡོངས་ཀྱི་མཐོང་སྣེ་ནས་མཚོ་སྔོན་ལ་བལྟ་བ་དང་། མཚོ་སྔོན་ལས་བརྒལ་ཏེ་མཚོ་སྔོན་ལ་བལྟ་བ། གཙོ་གནད་ཐོད་བརྒལ་དང་ཁུལ་ཁོངས་འགྲན་རྩོད་འཕེལ་རྒྱས་ལ་བརྟེན་ནས་ཞིང་ཆེན་ཡོངས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་ཁྲིད་བྱེད་པ་དང་། བར་ཁྱད་ཅན་གྱི་འཕེལ་རྒྱས་ཁྲོད་མཐུན་སྦྱོར་མཉམ་འགུལ་ལ་ཤུགས་སྣོན་དགོས། འདུ་ཤེས་གཙོ་བོ་གཏན་འཁེལ་གསལ་བོ་བྱེད་པ་དང་། ནང་ཤུགས་སྲ་བརྟན་དང་ཕྱི་ཤུགས་ཀྱིས་སྟོབས་ནུས་སྩོལ་བ་བརྒྱུད། ཐོན་ཁུངས་དགེ་མཚན་དང་ཁུལ་གནས་དགེ་མཚན་དེ་ཐོན་ལས་དགེ་མཚན་དང་འཕེལ་རྒྱས་སྒུལ་ནུས་སུ་ཚུལ་སྒྱུར་བྱས་ནས། རྒྱལ་ཁབ་ལ་ཞབས་འདེགས་ཞུ་བའི་འཐབ་ཇུས་ཁྲོད་རང་ངོས་ཀྱི་འཕེལ་རྒྱས་བཟང་པོ་མངོན་འགྱུར་བྱེད་དགོས། འཕེལ་རྒྱས་ཀྱི་རྣམ་པ་ལེགས་སྒྱུར་བྱེད་པ་དང་། ཁུལ་ཁོངས་ཀྱི་ཁྱད་ཆོས་དང་དགེ་མཚན་གྱི་རྨང་གཞིའི་སྟེང་། འཕེལ་རྒྱས་ཀྱི་སྒུལ་ཤུགས་སྔོག་འདོན་གང་ལེགས་བྱེད་པ་དང་། འཕར་སྣེ་དང་སྒུལ་ཤུགས་སྔར་ལས་མང་པོ་གྲུབ་པར་བྱས་ཏེ། གཅིག་འདོམས་ནུས་ལྡན་དང་འགྲན་རྩོད་རིམ་ལྡན། ལྗང་མདོག་མཐུན་སྦྱོར། མཉམ་སྤྱོད་མཉམ་རྒྱལ་བཅས་ཀྱི་མཐུན་སྦྱོར་འཕེལ་རྒྱས་ཀྱི་རྣམ་པ་གསར་བ་མགྱོགས་མྱུར་ངང་གྲུབ་པར་བྱེད་དགོས། བྱ་བ་གཙོ་བོ་གཏན་འཁེལ་གསལ་བོ་བྱེད་པ་དང་། སྐྱེ་ཁམས་སྲུང་སྐྱོབ་དང་སླར་གསོ་ལ་ཤུགས་སྣོན་པ། གྲོང་ཁྱེར་དང་གྲོང་གསེབ་མཉམ་འདྲེས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་། དེང་རབས་ཅན་གྱི་ཐོན་ལས་མ་ལག་མགྱོགས་མྱུར་ངང་བསྐྲུན་ནས། ཕྱི་ཕྱོགས་སྒོ་འབྱེད་ཀྱི་ཆུ་ཚད་མཐོར་འདེགས་གཏོང་དགོས། རྩ་འཛུགས་ཀྱི་འགན་སྲུང་ལ་ཤུགས་སྣོན་པ་དང་། འགན་འཁྲི་དངོས་འབེབས་ནན་མོ་བྱེད་པ། བཅོས་སྒྱུར་གྱིས་སྟོབས་ནུས་སྩོལ་བ་རྒྱུན་འཁྱོངས་བྱེད་པ་དང་། འདེགས་སྐྱོར་འགན་སྲུང་འཐུས་ཚང་དུ་གཏོང་བ། དངོས་སྒྲུབ་ཁག་ཁུར་རྒྱུན་འཁྱོངས་བྱེད་པ་དང་། ཞིང་ཆེན་ཡོངས་གཞི་གཅིག་གི་བྱ་བའི་མཉམ་ཤུགས་གྲུབ་པར་བྱས་ཏེ། ཁུལ་ཁོངས་མཐུན་སྦྱོར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཁྲོད་ཧུར་ཐག་གིས་རྣམ་པ་གསར་བ་བཏོད་དགོས།

གྲོས་ཚོགས་ལས་ནན་གྱིས་བསྟན་དོན། བསམ་བློ་དང་བྱ་སྤྱོད་གཉིས་ཏང་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་དང་ཞིང་ཆེན་ཏང་ཨུའི་བྱ་བའི་བླང་བྱའི་སྟེང་གཅིག་གྱུར་བྱེད་པ་དང་། ཁུལ་ཁོངས་མཐུན་སྦྱོར་འཕེལ་རྒྱས་ཀྱི་འགག་རྩའི་གནས་དང་ཤུགས་འདོན་ས་ཡང་དག་སྒོས་བཙལ་ཏེ། ཤར་ནུབ་མཉམ་ལས་དང་། ལྷོ་བྱང་རོགས་རེས། ཕྱི་འབྲེལ་ནང་མཐུད། ཁུལ་ཁོངས་གཅིག་འདོམས་བཅས་རྒྱུན་འཁྱོངས་བྱེད་པ་དང་། བློ་བརྟན་འགྱུར་མེད་སྒོས་སྐྱེ་ཁམས་བདེ་འཇགས་ཀྱི་འགོག་ར་བསྐྲུན་ནས། རྒྱལ་ཁབ་ཀྱི་འཐབ་ཇུས་ཁྱོན་ཡོངས་ལ་རང་འགུལ་གྱིས་ཞབས་འདེགས་ཞུ་བ་དང་ཧུར་ཐག་གིས་དེའི་ཁྲོད་འདྲེས་པར་བྱེད་པ། ནུས་ཤུགས་ཡོད་རྒུས་དམངས་ཚིས་བདེ་སྐྱིད་ཆེ་རུ་གཏོང་བ། གྲོང་རྡལ་འཕེལ་རྒྱས་ཀྱི་གོམ་སྟབས་རྒྱུན་མཐུད་སྒོས་ཇེ་མགྱོགས་སུ་གཏོང་བ། ཐོན་ལས་ཀྱི་གནས་བཞི་མགྱོགས་མྱུར་ངང་བསྐྲུན་པ་དང་། བརྒྱུད་རིམ་ཧྲིལ་བོའི་འགན་འཁྲི་དངོས་འབེབས་བྱེད་པར་བརྟེན་ནས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་མཉམ་ཤུགས་དྲག་པོ་གཅིག་སྡུད་བྱས་ཏེ། ཞིང་ཆེན་ཡོངས་ཀྱི་ཁུལ་ཁོངས་མཐུན་སྦྱོར་འཕེལ་རྒྱས་ཀྱི་རྣམ་པ་གསར་བ་འབད་པས་བསྐྲུན་དགོས།

གྲོས་ཚོགས་ལས་འབྲེལ་ཡོད་ཡིག་ཆར་ཞིབ་འཇུག་དང་གྲོས་ཞིབ་བྱས། ཞིང་ཆེན་འཕེལ་རྒྱས་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་དང་། ཞིང་ཆེན་ཆུ་བེད་ཐིན། ཞིང་ཆེན་ནགས་རྩྭ་ཅུའུ། ཟི་ལིང་གྲོང་ཁྱེར་བཅས་ཀྱིས་འབྲེལ་ཡོད་གནས་ཚུལ་སྙན་ཞུ་བྱས་པ་དང་། འབྲེལ་ཡོད་སྡེ་ཁག་གིས་ཡིག་ཐོག་སྙན་ཞུ་ཕུལ།

ཝང་ཝེ་ཏུང་དང་། ཀྲང་ཅིན་ཀང་། ཝུའུ་ལཱ་ཙི་པེ་ཁི·རེ་སུའུ་ལིས་ཧན། ལོའུ་ཀང་། ལིའུ་ཐའོ། དབྱང་ཀྲི་ཝུན། ཝང་ཧེ་ཧུང་། ལིས་ཞའོ་ནན་སོགས་གྲོས་ཚོགས་ལ་ཞུགས།

ལྷ་མོ་འཚོས་བསྒྱུར།