རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་བཞི་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་བཅོ་ལྔ་པ་པེ་ཅིང་དུ་བསྡུས།
2025.04.28 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 0

ཟླ4ཚེས27ཉིན་གྱི་སྔ་དྲོར།   རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་བཞི་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་བཅོ་ལྔ་པས་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོ་རུ་ཚང་འཛོམས་གྲོས་ཚོགས་ཐེངས་དང་པོ་འཚོགས། ཨུ་ཡོན་ཀྲང་ཀྲའོ་ལི་ཅི་ཡིས་གྲོས་ཚོགས་ལ་མགོ་འཛིན་མཛད།

ཟླ4ཚེས27ཉིན་གྱི་སྔ་དྲོར།   རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་བཞི་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་བཅོ་ལྔ་པས་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོ་རུ་ཚང་འཛོམས་གྲོས་ཚོགས་ཐེངས་དང་པོ་འཚོགས། ཨུ་ཡོན་ཀྲང་ཀྲའོ་ལི་ཅི་ཡིས་གྲོས་ཚོགས་ལ་མགོ་འཛིན་མཛད།

རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཁོངས་མི159གྲོས་ཚོགས་སུ་ཞུགས་པ་དང་། ཚོགས་ཞུགས་མི་གྲངས་ཁྲིམས་བཀོད་ཀྱི་མི་གྲངས་དང་མཐུན།

གྲོས་ཚོགས་སྟེང་རྒྱལ་ཡོངས་དམངས་ཆེན་རྩ་ཁྲིམས་དང་བཅའ་ཁྲིམས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཨུ་ཡོན་ཞིན་ཁྲུན་དབྱིན་གྱིས་ཕུལ་བའི་དམངས་གཉེར་དཔལ་འབྱོར་སྐུལ་འདེད་བཅའ་ཁྲིམས་འཆར་ཟིན་གྱི་གྲོས་ཞིབ་མཇུག་འབྲས་སྐོར་གྱི་སྙན་ཞུར་ཉན། འཆར་ཟིན་གྱི་གྲོས་ཞིབ་མ་ཡིག་གསུམ་པ་ལས་དམངས་གཉེར་དཔལ་འབྱོར་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱེད་པའི་འབྲེལ་ཡོད་བྱེད་ཐབས་སྔར་ལས་ཕུན་སུམ་ཇེ་ཚོགས་སུ་གཏོང་བ་དང་། ཁྲིམས་འཛིན་བྱ་སྤྱོད་སྔར་ལས་ཚད་ལྡན་དུ་གཏོང་བ།    ངལ་རྩོལ་པའི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོབ་བྱེད་ཤུགས་ཆེ་རུ་གཏོང་བ། དམངས་གཉེར་དཔལ་འབྱོར་སྐྱོན་བྲལ་ངང་འཕེལ་རྒྱས་གཏོང་བ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ཁྲིམས་སྐྱོང་ཁོར་ཡུག་ཇེ་ལེགས་སུ་གཏོང་བ་བཅས་ཀྱི་ནང་དོན་འཐུས་ཚང་དུ་བཏང་ཡོད།

གྲོས་ཚོགས་ལས་རྩ་ཁྲིམས་དང་བཅའ་ཁྲིམས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཨུ་ཡོན་གཞོན་པ་ཚུང་པིན་གྱིས་ཕུལ་བའི་འགོས་ནད་འགོག་བཅོས་བཅའ་ཁྲིམས་ཀྱི་བཟོ་བཅོས་འཆར་ཟིན་གྱི་གྲོས་ཞིབ་མཇུག་འབྲས་སྐོར་གྱི་སྙན་ཞུར་ཉན། འཆར་ཟིན་གྱི་གྲོས་ཞིབ་མ་ཡིག་གསུམ་པ་ལས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་འཕྲོད་བསྟེན་བདེ་ཐང་གཙོ་གཉེར་སྡེ་ཁག་དང་ནད་རིགས་སྔོན་འགོག་དང་ཚོད་འཛིན་སྡེ་ཁག་གི་འགན་འཁྲིའི་དབང་ཚད་སྔར་ལས་གསལ་པོ་བཟོས་པ་དང་། རིམས་ནད་ཀྱི་ཚོད་འཛིན་དང་འབྲེལ་ཡོད་བྱེད་ཐབས་དང་རྒུད་སྐྱོབ་ཐབས་ལམ་འཐུས་ཚང་དུ་གཏོང་བ།     སྨན་བཅོས་ལས་ཁུངས་ཀྱི་ནད་རིགས་སྔོན་འགོག་དང་ཚོད་འཛིན་ནུས་པའི་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་གཏོང་བའི་འབྲེལ་ཡོད་གཏན་འབེབས་སོགས་ཁ་སྣོན་བྱས་ནས་ཤུགས་སྣོན་བྱས།

གྲོས་ཚོགས་ལས་རྩ་ཁྲིམས་དང་བཅའ་ཁྲིམས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཨུ་ཡོན་གཞོན་པ་ལའོ་ཡོན་གྱིས་ཕུལ་བའི་རྡུལ་ཕྲན་ནུས་པའི་བཅའ་ཁྲིམས་ཀྱི་འཆར་ཟིན་བཟོ་བཅོས་བྱས་ཚུལ་སྐོར་གྱི་སྙན་ཞུར་ཉན། འཆར་ཟིན་གྱི་གྲོས་ཞིབ་མ་ཡིག་གཉིས་པ་ལས་རྡུལ་ཕྲན་ནུས་པའི་ཞིབ་འཇུག་དང་གསར་སྤེལ། བེད་སྤྱོད་བཅས་ཀྱི་བྱེད་སྒོ་ཇེ་མང་དུ་གཏོང་བ་དང་།   ཚུལ་མཐུན་དང་མཐུན་སྦྱོར་མཉམ་སྤེལ་བཅས་ཀྱི་ཉིང་རྡུལ་བདེ་འཇགས་ལྟ་བ་རྒྱུན་འཁྱོངས་བྱེད་པ།     བཟོ་ལས་དང་ཞིང་ལས། སྐྱེ་དངོས། སྨན་བཅོས། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་སོགས་ཁྱབ་ཁོངས་སུ་ཉིང་རྡུལ་ལག་རྩལ་བཀོལ་སྤྱོད་བྱེད་པར་རྒྱལ་ཁབ་ཀྱིས་རྒྱབ་སྐྱོར་བྱེད་པའི་གཏན་འབེབས་སོགས་ཕུན་སུམ་ཇེ་ཚོགས་སུ་བཏང་ཡོད།

གྲོས་ཚོགས་ལས་རྩ་ཁྲིམས་དང་བཅའ་ཁྲིམས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཨུ་ཡོན་གཞོན་པ་ཝང་ཧུང་ཞང་གིས་ཕུལ་བའི་འདུམ་གཅོད་བཅའ་ཁྲིམས་ཀྱི་བཟོ་བཅོས་འཆར་ཟིན་བཟོ་བཅོས་བྱས་ཚུལ་སྐོར་གྱི་སྙན་ཞུར་ཉན། འཆར་ཟིན་གྲོས་ཞིབ་མ་ཡིག་གཉིས་པ་ལས་རྒྱལ་ཁབ་ཀྱིས་འདུམ་གཅོད་ཀྱི་རྒྱལ་སྤྱིའི་བརྗེ་རེས་མཉམ་ལས་ལ་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་བ་དང་། འདུམ་གཅོད་ཀྱི་ལྟ་སྐུལ་ལ་ཤུགས་སྣོན་པ། ཁྲིམས་ཁང་གིས་འདུམ་གཅོད་ལ་རྒྱབ་སྐྱོར་བྱེད་པའི་འབྲེལ་ཡོད་ལམ་ལུགས་འཐུས་ཚང་དུ་གཏོང་བ། རྒྱལ་སྤྱིའི་སྤྱི་སྤྱོད་སྒྲིག་སྲོལ་སོགས་གཏན་འབེབས་ལ་འབྲེལ་མཐུད་གང་ལེགས་བྱེད་པ་སོགས་ཀྱི་གཏན་འཁེལ་ཁ་སྣོན་བྱས།

སྐྱེ་ཁམས་ཁོར་ཡུག་ཁྲིམས་གཞུང་སྡུད་སྒྲིག་བྱེད་པ་ནི་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་བཏོན་པའི་ཁྲིམས་སྐྱོང་འཛུགས་སྐྲུན་གྱི་བཀོད་སྒྲིག་གལ་ཆེན་ཞིག་ཡིན། སྐྱེ་ཁམས་ཁོར་ཡུག་ཁྲིམས་གཞུང་གི་སྡུད་སྒྲིག་བྱེད་པ་ལས་ད་ལྟ་ལག་བསྟར་བྱེད་བཞིན་པའི་སྐྱེ་ཁམས་ཁོར་ཡུག་བཅའ་ཁྲིམས་ལམ་ལུགས་ཀྱི་ཚད་ལྡན་མ་ལག་གཅིག་བསྡུས་དང་།    རྩོམ་སྒྲིག་དང་དག་བཅོས། གཅིག་བསྡུས་ཡར་རྒྱས་སུ་གཏོང་བ་དང་། ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་གྱི་དགོངས་པ་སྐོར་ཞིག་སྡུད་སྒྲིག་བྱེད་པ་སྣེ་ཁྲིད་དུ་བྱས་ཤིང་། ཀྲུང་གོའི་ཁྱད་ཆོས་དང་དུས་རབས་ཀྱི་ཁྱད་ཆོས་མངོན་པ།   མི་དམངས་ཀྱི་འདོད་བློ་མཚོན་པ། སྐྱེ་ཁམས་མ་ལག་ཚད་ལྡན་དུ་གཏོང་བ་བཅས་ཀྱི་སྐྱེ་ཁམས་ཁོར་ཡུག་ཁྲིམས་གཞུང་ཞིག་ཡིན་ལ། དེ་ནི་ཁྲིམས་འཛུགས་ཀྱི་མ་ལག་བཟོ་སྐྲུན་ཞིག་ཡིན། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་གྲོས་ཚོགས་ལས་སྐྱེ་ཁམས་ཁོར་ཡུག་ཁྲིམས་གཞུང་འཆར་ཟིན་སྐོར་གྱི་གྲོས་གཞི་གྲོས་ཞིབ་བྱེད་པར་སྤྲོད་པའི་གྲོས་གཞི་བཏོན། ཨུ་ཡོན་ཀྲང་གྲོས་ཚོགས་ཀྱི་མངགས་བཅོལ་ལྟར། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་ཁྲིམས་ལུགས་བྱ་བའི་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཧྲིན་ཁྲུན་ཡའོ་ཡིས་གསལ་བཤད་བྱས།

རྒྱལ་ཁབ་ཀྱི་འཕེལ་རྒྱས་འཆར་འགོད་ཀྱི་གཏན་འབེབས་དང་རྒྱལ་ཁབ་ཀྱི་འཕེལ་རྒྱས་འཆར་འགོད་འགན་སྲུང་བྱེད་པའི་ལག་བསྟར་ཚད་ལྡན་དུ་གཏོང་བ་དང་།  སྤྱི་ཁོག་དཔལ་འབྱོར་གྱི་བཅོས་སྐྱོང་མ་ལག་འཐུས་ཚང་དུ་གཏོང་བ། རྒྱལ་ཁབ་ཀྱི་འཕེལ་རྒྱས་འཆར་འགོད་ཀྱི་འཐབ་ཇུས་ཁྲིད་སྟོན་ནུས་པ་འདོན་སྤེལ་བྱེད་ཆེད།    རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་རྒྱལ་ཁབ་འཕེལ་རྒྱས་འཆར་འགོད་སྐོར་གྱི་བཅའ་ཁྲིམས་འཆར་ཟིན་གྲོས་ཞིབ་བྱེད་པར་སྤྲོད་པའི་གྲོས་གཞི་བཏོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་མངགས་བཅོལ་ལྟར།    རྒྱལ་ཁབ་འཕེལ་རྒྱས་དང་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཀྲིན་ཧྲན་ཅེ་ཡིས་གསལ་བཤད་བྱས།

བཙོན་ཁང་བདེ་འཇགས་ཀྱི་ཚད་མཐའ་བརྟན་སྲུང་དང་།    སློབ་གསོ་བསྒྱུར་བཀོད་ཀྱི་སྤུས་ཚད་མཐོ་རུ་གཏོང་བ། ཉེས་གསོག་སྔོན་འགོག་དང་ཇེ་ཉུང་དུ་གཏོང་བ། བྱང་ཚད་མཐོ་བའི་བཙོན་ཁང་གི་མི་དམངས་ཉེན་རྟོག་པའི་དཔུང་ཁག་འཛུགས་པ་དང་། དུས་རབས་གསར་པའི་བཙོན་ཁང་བྱ་བའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ལམ་ལུགས་ཀྱི་འགན་སྲུང་འདོན་སྤྲོད་བྱ་ཆེད།    རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་བཙོན་ཁང་བཅའ་ཁྲིམས་ཀྱི་གྲོས་ཞིབ་འཆར་ཟིན་གྲོས་ཞིབ་བྱེད་པར་སྤྲོད་པའི་གྲོས་གཞི་བཏོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་མངགས་བཅོལ་ལྟར། ཁྲིམས་འཛིན་པུའུ་ཡི་པུའུ་ཀྲང་ཧི་རུང་གིས་གསལ་བཤད་བྱས།

རྒྱལ་སྲིད་སྤྱི་ཁྱབ་ཁང་གི་མངགས་བཅོལ་ལྟར། ཧི་རུང་གིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཀྲུང་གོ་རང་མོས་ཉོ་ཚོང་ཚོད་ལྟའི་ཁུལ་དུ་གནས་སྐབས་སུ་སྤྱོད་པའི་ས་བོན་བཅའ་ཁྲིམས་ཀྱི་འབྲེལ་ཡོད་གཏན་འབེབས་ལེགས་སྒྲིག་བྱེད་པའི་དབང་ཆ་སྤྲོད་པའི་སྐོར་གྱི་ཆོད་དོན་འཆར་ཟིན་གྱི་གསལ་བཤད་བྱས།

རྒྱལ་སྲིད་སྤྱི་ཁྱབ་ཁང་གི་མངགས་བཅོལ་ལྟར། ཧི་རུང་གིས《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དང་ཨེ་ཙེ་ཨོ་ཕི་ཡ་རྒྱལ་ཕྲན་མཉམ་འབྲེལ་དམངས་གཙོ་སྤྱི་མཐུན་རྒྱལ་ཁབ་ཀྱི་ཁྲིམས་ཐག་བཅད་པའི་མིའི་ཁྲིམས་གཅོད་སྤོ་སྒྱུར་དོ་དམ་བྱེད་པའི་ཆིངས་ཡིག》གྲོས་ཞིབ་བྱེད་པར་སྤྲད་ནས་ཆོག་མཆན་འགོད་པའི་སྐོར་གསལ་བཤད་བྱས།

རྒྱལ་སྲིད་སྤྱི་ཁྱབ་ཁང་གི་མངག་བཅོལ་ལྟར། ཕྱི་འབྲེལ་པུའུ་ཡི་པུའུ་ཀྲང་གཞོན་པ་ཧྭ་ཁྲུན་དབྱིན་གྱིས《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དང་སོ་ཏི་ཨ་རབ་རྒྱལ་པོའི་རྒྱལ་ཁབ་གྱི་དམངས་དོན་དང་ཚོང་དོན་ཁྲིམས་འཛིན་རོགས་འདེགས་དང་མཉམ་ལས་སྐོར་གྱི་ཆོད་དོན》གྲོས་ཞིབ་བྱེད་པར་སྤྲད་ནས་ཆོག་མཆན་འགོད་པའི་གྲོས་གཞི་གསལ་བཤད་བྱས།

རྒྱལ་སྲིད་སྤྱི་ཁྱབ་ཁང་གི་མངག་བཅོལ་ལྟར། སྐྱེ་ཁམས་ཁོར་ཡུག་པུའུ་ཡི་པུའུ་ཀྲང་ཧོང་རུན་ཆིག་གིས2024ལོའི་ཁོར་ཡུག་གནས་ཚུལ་དང་ཁོར་ཡུག་སྲུང་སྐྱོབ་དམིགས་འབེན་གྱི་ལེགས་འགྲུབ་གནས་ཚུལ་སྐོར་གྱི་སྙན་ཞུ་ཕུལ། སྙན་ཞུའི་ནང་བསྟན་དོན། 2024ལོར་སྐྱེ་ཁམས་ཁོར་ཡུག་གི་སྤུས་ཚད་ཇེ་ལེགས་སུ་གཏོང་བའི་ལོ་འཁོར་གྱི་དམིགས་འབེན་ཚང་མ་བདེ་བླག་ངང་ལེགས་གྲུབ་བྱས་ཏེ།    “ལོ་ལྔའི་འཆར་འགོད་བཅུ་བཞི་པའི”འཆར་འགོད་དམིགས་འབེན་གྱི་དུས་རིམ་མྱུར་ཚད་རེ་བ་ལས་ལེགས་པ་དང་། མང་ཚོགས་ཀྱི་སྐྱེ་ཁམས་ཁོར་ཡུག་གི་བློ་ཡིད་ཚིམ་ཚད་བསྟུད་མར་ལོ་བཞིའི་རིང90%ལས་བརྒལ་ཡོད། 2025ལོར་ནམ་མཁའ་སྔོ་ཞིང་བསངས་པ་དང་ཆུ་མོ་དྭངས་ཤིང་གཙང་པ། ས་གཞི་དག་ཅིང་གཙང་བ་བཅས་ཀྱི་སྲུང་སྐྱོབ་དམག་འཐབ་ལ་མུ་མཐུད་དུ་སྐུལ་འདེད་གཏིང་ཟབ་བཏང་སྟེ།    སྐྱེ་ཁམས་ཁོར་ཡུག་གི་སྤུས་ཚད་བརྟན་བརླིང་ཁྲོད་ཇེ་ལེགས་སུ་འགྲོ་བ་དང་།    རྒྱུན་མཐུད་སྒོས་ལེགས་བཅོས་བྱེད་པར་སྐུལ་འདེད་གཏོང་རྒྱུ་རེད།

རྒྱལ་སྲིད་སྤྱི་ཁྱབ་ཁང་གི་མངག་བཅོལ་ལྟར། ནོར་སྲིད་པུའུ་ཡི་པུའུ་ཀྲང་ལན་ཧྥོ་ཨན་གྱིས2023ལོའི་རྒྱལ་དབང་རྒྱུ་ནོར་དོ་དམ་གནས་ཚུལ་སྙན་ཞུའི་གྲོས་ཞིབ་བསམ་འཆར་གྱི་ཞིབ་འཇུག་ཐག་གཅོད་བྱས་ཚུལ་དང་བཅོས་སྒྲིག་འགན་འཁྲི་བདའ་འདེད་བྱས་ཚུལ་སྐོར་གྱི་སྙན་ཞུ་ཕུལ། སྙན་ཞུའི་ནང་རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཞིབ་བསམ་འཆར་དང་འབྲེལ་ཡོད་ལྟ་སྐུལ་གྱི་རྟོག་ཞིབ་སྙན་ཞུའི་གྲོས་གཞི་ལྟར། རྒྱུ་ནོར་གྱི་རིགས་སོ་སོ་ལྟར་ཞིབ་འཇུག་གི་ཐག་གཅོད་བསམ་འཆར་དང་བཅོས་སྒྲིག་བྱེད་ཐབས་དོན་འཁྱོལ་བྱས་ཚུལ་སྙན་ཞུ་བྱས་པ་དང་།    དམངས་ཆེན་ལྟ་སྐུལ་བྱ་བ་དང་རྩིས་བཤེར་ཀྱི་གནད་དོན་རྩད་ཆོད་ཡོ་བསྲང་དང་འགན་འཁྲི་བདའ་འདེད་ཀྱི་གནས་ཚུལ་ལ་གཞོགས་འདེགས་བྱས་ནས་ལེགས་སྒྲུབ་བྱས་ཚུལ་ཆེད་དོན་སྙན་ཞུ་བྱས་པ་མ་ཟད།    གོ་རིམ་རྗེས་མའི་བྱ་བ་མུ་མཐུད་དུ་ལེགས་བསྒྱུར་དངོས་འབེབས་བྱེད་པར་བསམ་གཞིག་གྲོས་གཞི་བཏོན།

གྲོས་ཚོགས་ལས་རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་འཐུས་མིའི་ཐོབ་ཐང་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཨུ་ཡོན་དབྱང་ཞའོ་ཁྲའོ་ཡིས་ཕུལ་བའི་འཐུས་མི་རེ་ཟུང་གི་འཐུས་མིའི་ཐོབ་ཐང་སྐོར་གྱི་སྙན་ཞུར་ཉན།

གྲོས་ཚོགས་ལས་ད་དུང་འབྲེལ་ཡོད་བསྐོ་འཐེན་གནད་དོན་ལ་གྲོས་ཞིབ་བྱས།

རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་གཞོན་པ་ལིས་ཧུང་ཀྲུང་དང་། ཝང་ཏུང་མིན། ཞའོ་ཅེ། ཏེན་ཀྲུང་ལིས། ཧའོ་མིན་ཅིན། ཚའེ་ཏ་ཧྥིན། ཧི་ཝེ།    ཝུའུ་ཝེ་ཧྭ། ཐེ་ཉིན། ཕིན་ཆིང་ཧྭ། ཀྲང་ཆིན་ཝེ། བློ་བཟང་རྒྱལ་མཚན།  ཞུའེ་ཁི་ལི་ཐི་ཀྲ་ཁི་ཨར།    དྲུང་ཡིག་ཆེན་མོ་ལིའུ་ཆི་བཅས་གྲོས་ཚོགས་སུ་ཞུགས།

རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཧི་ལིས་ཧྥིན་དང་། ཆེས་མཐོའི་མི་དམངས་ཁྲིམས་ཁང་གི་ཡོན་ཀྲང་ཀྲང་ཅུན།  ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གི་ཞིབ་དཔྱོད་དཔོན་དབྱིན་ཡུང་། རྒྱལ་ཁབ་ལྟ་ཞིབ་ཨུ་ཡོན་ལྷན་ཁང་གི་འགན་འཁུར་བློ་མཐུན་དང་།    རྒྱལ་ཡོངས་དམངས་ཆེན་ཆེད་དོན་ཨུ་ཡོན་ལྷན་ཁང་སོ་སོའི་ཁོངས་མི་དང་།   ཞིང་ཆེན་དང་རང་སྐྱོང་ལྗོངས། གྲོང་ཁྱེར་སོ་སོའི་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་འགན་འཁུར་བློ་མཐུན། ཞིང་ཆེན་རིམ་པ་གཞོན་པའི་གྲོང་ཁྱེར་སྐོར་ཞིག་གི་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་འགན་འཁུར་བློ་མཐུན་གཙོ་བོ།    རྒྱལ་ཡོངས་དམངས་ཆེན་གྱི་འཐུས་མི་སྐོར་ཞིག་དང་འབྲེལ་ཡོད་སྡེ་ཁག་གི་འགན་འཁུར་བློ་མཐུན་སོགས་གྲོས་ཚོགས་ལ་ཟུར་ཞུགས་བྱས།

ཤ་བོ་རིན་མཚོས་བསྒྱུར།