ཞི་ཅིན་ཕིང་གིས་ལེའོ་ཉིང་ཞིང་ཆེན་ལེའོ་དབྱང་གྲོང་ཁྱེར་པའེ་ཐ་ས་ཁུལ་གྱི་ཟ་ཁང་ཞིག་ཏུ་མེ་སྐྱོན་བྱུང་བའི་ཐད་མཛུབ་སྟོན་གལ་ཆེན་གནང་།
2025.04.30 ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 0

ཟླ4པའི་ཚེས29ཉིན་གྱི་ཆུ་ཚོད12དང་སྐར་མ25སྟེང་། ལེའོ་ཉིང་ཞིང་ཆེན་ལེའོ་དབྱང་གྲོང་ཁྱེར་པའེ་ཐ་ས་ཁུལ་སན་ལིས་སྡེ་བའི་ཐོག་ཁང་གི་ཉེ་འགྲམ་དུ་ཡོད་པའི་ཟ་ཁང་ཞིག་ཏུ་མེ་སྐྱོན་བྱུང་བ་དང་། ཕྱི་དྲོའི་ཆུ་ཚོད་གཉིས་ཀྱི་བར་དུ། དོན་རྐྱེན་ལས་མི22རྐྱེན་ལམ་དུ་ཤོར་བ་དང་། མི་གསུམ་ལ་རྨས་ཕོག

དོན་རྐྱེན་བྱུང་རྗེས། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཚད་མཐོའི་མཐོང་ཆེན་གནང་བ་མ་ཟད་མཛུབ་སྟོན་གལ་ཆེན་གནང་སྐབས་བསྟན་དོན། ལེའོ་ཉིང་ཞིང་ཆེན་ལེའོ་དབྱང་གྲོང་ཁྱེར་པའེ་ཐ་ས་ཁུལ་གྱི་ཟ་ཁང་ཞིག་ཏུ་མེ་སྐྱོན་བྱུང་ནས་མི་སྣར་ཤི་རྨས་ཚབས་ཆེན་བཟོས་པའི་དོན་རྐྱེན་དེའི་བསླབ་བྱ་ཧ་ཅང་གཏིང་ཟབ།  ནུས་ཤུགས་ཡོད་རྒུས་རྨས་སྐྱོན་ཕོག་པའི་མི་སྣ་སྐྱོབ་བཅོས་བྱེད་པ་དང་།    རྐྱེན་ལམ་དུ་ཤོར་བའི་མི་སྣའི་འདས་མཆོད་དང་ཁྱིམ་མིར་སེམས་གསོ་སོགས་ཀྱི་བྱ་བ་ཡག་པོར་སྒྲུབ་སྟེ། མགྱོགས་མྱུར་སྒོས་རྒྱུ་རྐྱེན་རྩད་གཅོད་བྱས་ནས་ཁྲིམས་ལྟར་འགན་འཁྲི་བདའ་འདེད་ནན་མོ་བྱེད་དགོས།

ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། ལྔ་གཅིག་གུང་གསེང་སླེབས་ལ་ཉེ་བའི་སྐབས་འདིར། མང་ཚོགས་ཕྱི་རུ་ཡུལ་སྐོར་དུ་འགྲོ་མཁན་ཧ་ཅང་མང་པོ་ཡོད་པ་དང་། གུང་གསེང་གི་སྐབས་སུ་བྱ་འགུལ་མང་བས་ས་ཁུལ་སོ་སོ་དང་སྡེ་ཁག་སོ་སོས་བདེ་འཇགས་འགན་འཁྲི་དངོས་འབེབ་བྱས་ཏེ། འཕྲལ་བསྟུན་སྔོན་ཇུས་འཐུས་ཚང་དུ་གཏོང་བ་དང་། ཉེན་ཁ་དང་མངོན་མེད་རྐྱེན་ངན་ཞིབ་བཤེར་བྱེད་པ།    བདེ་འཇགས་དོན་རྐྱེན་ཚབས་ཆེན་འབྱུང་བར་མཐའ་གཅིག་ཏུ་སྔོན་འགོག་བྱས་ཏེ།    མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་དང་སྤྱི་ཚོགས་ཁྱོན་ཡོངས་ཀྱི་བརྟན་བརླིང་ལ་དངོས་སུ་འགན་སྲུང་བྱེད་དགོས།

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཆང་གིས་མཆན་བཀོད་མཛུབ་སྟོན་གནང་སྐབས་བསྟན་དོན། ནུས་ཤུགས་ཡོད་རྒུས་མི་སྣ་འཚོལ་སྐྱོབ་དང་རྨས་སྐྱོན་ཕོག་པའི་མི་སྣར་སྨན་བཅོས་བྱས་ཏེ། འདས་པོའི་འདས་མཆོད་སོགས་ཀྱི་བྱ་བ་བཟང་པོར་སྒྲུབ་པ་དང་ཆབས་ཅིག དོན་རྐྱེན་གྱི་འབྱུང་རྐྱེན་མྱུར་དུ་རྩད་གཅོད་བྱེད་པ་དང་། ཁྲིམས་དང་སྒྲིག་སྲོལ་གྱི་འགན་འཁྲི་བདའ་འདེད་ནན་མོ་བྱེད་དགོས། ལྔ་གཅིག་གུང་གསེང་སླེབས་ལ་ཉེ་བས། རྒྱལ་སྲིད་སྤྱི་ཁྱབ་ཁང་བདེ་འཇགས་ཨུ་ཡོན་ལྷན་ཁང་གིས་ས་གནས་སོ་སོའི་འབྲེལ་ཡོད་ཕྱོགས་སོ་སོའི་བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་ཞིབ་བཤེར་གཏིང་ཟབ་བྱེད་པར་མཛུབ་ཁྲིད་བྱས་ཏེ། བདེ་འཇགས་ཐོན་སྐྱེད་བྱེད་ཐབས་དོན་འཁྱོལ་བྱེད་ཤུགས་ཆེ་རུ་གཏོང་བ་དང་།   དོན་རྐྱེན་ཆེན་པོ་སྣ་ཚོགས་འབྱུང་བར་ནན་འགོག་བྱ་དགོས།

ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་དང་ལིས་ཆང་གི་བླང་བྱ་གཞིར་བཟུང་ནས། འཕྲལ་བསྟུན་དོ་དམ་པུའུ་ཡི་བྱ་བའི་ཚན་ཆུང་ཡུལ་དངོས་སུ་བསྐྱོད་དེ་འཕྲལ་བསྟུན་བྱ་བ་ཡག་པོར་སྒྲུབ་རྒྱུར་མཛུབ་ཁྲིད་བྱས།  ལེའོ་ཉིང་ཞིང་ཆེན་དང་ལེའོ་དབྱང་གྲོང་ཁྱེར་གྱིས་སྟོབས་ཤུགས་རྩ་འཛུགས་བྱས་ནས་རོགས་སྐྱོབ་ཐག་གཅོད་བྱས།  མིག་སྔར། ཡུལ་དངོས་རོགས་སྐྱོབ་དང་འདས་མཆོད་སོགས་ཀྱི་བྱ་བ་ཐག་གཅོད་བྱེད་བཞིན་པའི་སྒང་རེད།

ཤ་བོ་རིན་མཚོས་བསྒྱུར།