ཟླ4པའི་ཚེས29ཉིན་གྱི་ཕྱི་དྲོར། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ཀྲའོ་ལི་ཅི་ཡིས་རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་བཞི་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་བཅོ་ལྔ་པར་ཟུར་ཞུགས་བྱས་པའི་རྒྱལ་ཡོངས་དམངས་ཆེན་གྱི་འཐུས་མི་དང་བཞུགས་མོལ་བརྗེ་རེས་མཛད།
ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ཀྲའོ་ལི་ཅི་ཡིས་ཚེས29ཉིན་གྱི་ཕྱི་དྲོར་རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་བཞི་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་བཅོ་ལྔ་པར་ཟུར་ཞུགས་བྱས་པའི་རྒྱལ་ཡོངས་དམངས་ཆེན་གྱི་འཐུས་མི་དང་བཞུགས་མོལ་བརྗེ་རེས་མཛད། ཁོང་གིས་ནན་གྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མི་དམངས་འཐུས་མིའི་ཚོགས་ཆེན་ལམ་ལུགས་རྒྱུན་འཁྱོངས་བྱེད་པ་དང་འཐུས་ཚང་དུ་གཏོང་བའི་སྐོར་གྱི་དགོངས་པ་གལ་ཆེན་སློབ་སྦྱོང་དང་ལག་བསྟར་ཟབ་མོ་བྱེད་པ་དང་། གསར་དུ་བཟོ་བཅོས་བྱས་པའི་འཐུས་མིའི་བཅའ་ཁྲིམས་ལག་བསྟར་དོན་འཁྱོལ་བྱེད་པ། འཐུས་མིའི་བྱ་བའི་ནུས་པ་འཛུགས་སྐྲུན་ཐད་ཕྱོགས་ཡོངས་ནས་ཤུགས་སྣོན་བྱས་ཏེ། འཐུས་མིའི་བྱ་བའི་ལམ་ལུགས་ཅན་དང་ཚད་ལྡན་ཅན། གོ་རིམ་ཅན་གྱི་ཆུ་ཚད་རྒྱུན་མ་ཆད་པར་མཐོར་འདེགས་གཏོང་དགོས།
བཞུགས་མོལ་ཚོགས་འདུའི་སྟེང་། འཐུས་མི་ཚོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མི་དམངས་འཐུས་མིའི་ཚོགས་ཆེན་ལམ་ལུགས་རྒྱུན་འཁྱོངས་དང་འཐུས་ཚང་དུ་གཏོང་བའི་སྐོར་གླེང་བ་ཞེས་པ་དང་གསར་དུ་བཟོ་བཅོས་བྱས་པའི་འཐུས་མིའི་བཅའ་ཁྲིམས་ལག་བསྟར་བྱེད་པ་དང་འཐུས་མིས་ཁྲིམས་ལྟར་འགན་སྒྲུབ་བྱེད་པར་དམིགས་ནས། བསམ་འཆར་དང་གྲོས་གཞི་བཏོན། ཀྲའོ་ལི་ཅི་ཡིས་ནན་ཏན་སྒོས་ཉན་པ་དང་འཐུས་མི་དང་བརྗེ་རེས་ཟབ་མོ་བྱས། ཁོས་བཤད་རྒྱུར། རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་གསུམ་པའི་སྟེང་འཐུས་མིའི་བཅའ་ཁྲིམས་བཟོ་བཅོས་བྱེད་པའི་སྐོར་གྱི་ཆོད་དོན་ལ་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་བ་དང་། འཐུས་མིས་འགན་དབང་སྤྱོད་པ་དང་འོས་འགན་སྒྲུབ་པ། ནུས་པ་འདོན་སྤེལ་བྱེད་པའི་ཐད་ནས་ཚད་ལྡན་དུ་གཏོང་བ་དང་འགན་སྲུང་བྱེད་པར་བཅའ་ཁྲིམས་ཀྱི་འགན་སྲུང་ཆ་ཚང་འདོན་སྤྲོད་བྱས། འཐུས་མིའི་བཅའ་ཁྲིམས་ཀྱི་དྲིལ་སྒྲོག་འགྲེལ་ཀློག་དང་སློབ་སྦྱོང་གསོ་སྦྱོང་། ལག་བསྟར་དོན་འཁྱོལ་ལ་ཤུགས་སྣོན་རྒྱུ་ནི་དམངས་ཆེན་བྱ་བའི་ལས་འགན་གལ་ཆེན་ཡིན།
ཀྲའོ་ལི་ཅི་ཡིས་བསྟན་དོན། གསར་དུ་བཟོ་བཅོས་བྱས་པའི་འཐུས་མིའི་བཅའ་ཁྲིམས་ཀྱི་འཐུས་མིའི་འགན་སྒྲུབ་ཐད་ཀྱི་ཆབ་སྲིད་རེ་བར་གོ་བ་ཟབ་མོ་ལེན་པ་དང་ཁོང་དུ་ཆུད་པར་བྱེད་དགོས། དམངས་ཆེན་གྱི་འཐུས་མིས་ཕྲག་ཏུ་བབས་པའི་ཆབ་སྲིད་ཀྱི་འགན་འཁྲི་ལ་ངོས་འཛིན་གང་ལེགས་བྱེད་པ་དང་། ལངས་ཕྱོགས་བརྟན་པོས་ཆབ་སྲིད་གླེང་བ། འདུ་ཤེས་བཞི་ཇེ་དྲག་ཏུ་གཏོང་བ་དང་རང་རྟོན་བཞི་ཇེ་བརྟན་དུ་གཏོང་བ། སྲུང་སྐྱོང་གཉིས་བཟང་བོར་སྒྲུབ་ནས། ཏང་གི་མགོ་ཁྲིད་དེ་འགན་སྒྲུབ་ཀྱི་གོ་རིམ་ཧྲིལ་བོ་དང་ཕྱོགས་སོ་སོ་རུ་དོན་འཁྱོལ་ནན་མོ་བྱེད་རྒྱུ་རྒྱུན་འཁྱོངས་བྱེད་དགོས། ཏང་གི་གསར་གཏོད་གཞུང་ལུགས་ཀྱི་དྲག་ཆས་སྤྲས་ཚད་རྒྱུན་མཐུད་ངང་ཇེ་དྲག་ཏུ་གཏོང་བ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དམངས་ཆེན་ལམ་ལུགས་རྒྱུན་འཁྱོངས་དང་འཐུས་ཚང་དུ་གཏོང་བའི་སྐོར་གྱི་དགོངས་པ་གལ་ཆེན་སློབ་སྦྱོང་དང་ལག་བསྟར་བྱེད་རྒྱུ་དེ་ངེས་སྦྱོང་སློབ་ཚན་དུ་བརྩིས་ནས། འཐུས་མིའི་འགན་འཁྲི་ལག་བསྟར་བྱེད་པའི་བསམ་བློ་ཆབ་སྲིད་ཀྱི་རྨང་གཞི་ཇེ་བརྟན་དུ་གཏོང་དགོས། རྒྱལ་དོན་གལ་ཆེན་སེམས་ལ་བརྟན་པོར་འཛིན་པ་དང་། རང་རྟོགས་སྒོས་ཏང་དང་རྒྱལ་ཁབ་ཀྱི་བྱ་བའི་སྤྱི་ཡོངས་དེ་ས་གནས་དང་ལས་རིགས། གཞི་རིམ་གྱི་འཕེལ་རྒྱས་འཛུགས་སྐྲུན་དང་འབྲེལ་འདྲིས་བྱེད་པ་དང་ཟུང་འབྲེལ་བྱས་ནས་བློ་འདོན་ཇུས་འབུལ་བྱེད་དགོས། ཏང་ཀྲུང་དབྱང་གི་དུས་བསྟུན་བབ་བསྟུན་གྱི་ཇུས་ཆོད་བཀོད་སྒྲིག་ལ་རྗེས་འདེད་སློབ་སྦྱོང་དང་ལག་བསྟར་བཟང་བོ་བྱེད་པ་དང་། རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་ལག་བསྟར་བྱས་ཏེ། རང་གི་ལས་རྐང་དང་འཐུས་མིའི་འགན་སྒྲུབ་ཁྲོད་ཁག་ཁུར་འགན་བསྟར་བྱེད་པ་དང་བྱས་རྗེས་འཇོག་དགོས།
ཀྲའོ་ལི་ཅི་ཡིས་ནན་གྱིས་བསྟན་དོན། གསར་དུ་བཟོ་བཅོས་བྱས་པའི་འཐུས་མིའི་བཅའ་ཁྲིམས་ཀྱི་འཐུས་མིས་བརྒྱུད་རིམ་ཧྲིལ་བོའི་མི་དམངས་དམངས་གཙོ་ལག་བསྟར་བྱེད་པའི་ཐད་ཀྱི་རེ་བར་གོ་བ་ཟབ་མོ་ལེན་པ་དང་ཁོང་དུ་ཆུད་པར་བྱེད་དགོས། དམངས་ཆེན་གྱི་འཐུས་མིས་འཐུས་མིས་མི་དམངས་ཀྱི་ཆེད་དུ་འགན་སྒྲུབ་བྱེད་པ་དང་མི་དམངས་ཀྱི་ལྟ་སྐུལ་དང་ལེན་བྱེད་པའི་འགན་འཁྲི་ངེས་གནས་ལ་ངོས་འཛིན་གང་ལེགས་བྱེད་པ་དང་། མི་དམངས་ཀྱི་ཁེ་ཕན་དང་འདོད་བློའི་ཚབ་བྱས་ནས་རྒྱལ་ཁབ་ཀྱི་དབང་ཆ་སྤྱོད་པའི་ཁྲོད་ཞུགས་ནས། ཏང་དང་རྒྱལ་ཁབ་ཀྱིས་མི་དམངས་མང་ཚོགས་ལ་འབྲེལ་འདྲིས་བྱེད་པའི་ལྕགས་ཟམ་ལྟ་བུར་འགྱུར་བར་བྱེད་དགོས། མང་ཚོགས་ལ་འབྲེལ་འདྲིས་དམ་ཟབ་བྱེད་རྒྱུ་དེ་འགན་འཁྲི་ལག་བསྟར་བྱེད་པའི་རྨང་གཞི་རུ་བརྩི་བ་དང་། གཅིག་གྱུར་སྒོས་རྩ་འཛུགས་བྱས་པའི་གཟིགས་ཞིབ་དང་ཆེད་དོན་རྟོག་ཞིབ། ཁྲིམས་བསྟར་ཞིབ་བཤེར་སོགས་བྱ་འགུལ་ལ་ཞུགས་པ། ཁྲིམས་འཛུགས་དང་ལྟ་སྐུལ་གྱི་རྣམ་གྲངས་ལ་དམིགས་ནས་རྟོག་ཞིབ་ཟབ་མོ་བྱེད་པ། བཅའ་ཁྲིམས་དང་ལམ་ལུགས་ཀྱི་ཕྱོགས་ངོས་ནས་ཕྱོགས་བསྡུས་དབྱེ་ཞིབ་བྱེད་པ་དང་གྲོས་ཞིབ་འདོན་པར་དོ་སྣང་བྱས་ཏེ། བཅའ་ཁྲིམས་ཁྲིམས་སྲོལ་དང་སྲིད་ཇུས་བྱེད་ཐབས་ཐད་ནས་གཞི་རིམ་དུ་ཁ་ཕྱོགས་པ་དང་མང་ཚོགས་ཀྱི་གནས་ཚུལ་ལ་རྒྱུས་ལོན་བྱེད་པ། མང་ཚོགས་ཀྱི་རིག་སྟོབས་གཅིག་ཏུ་བསྡུ་བ། དམངས་ཚིས་ལ་ཕན་འདོགས་པར་སྐུལ་འདེད་གཏོང་དགོས། མང་ཚོགས་ཀྱི་བྱ་བ་བསྒྲུབ་པའི་འཇོན་ནུས་ཇེ་མཐོར་གཏོང་བ་དང་། མི་དམངས་མང་ཚོགས་བར་གྱི་བརྩེ་སེམས་ཇེ་ཟབ་ཏུ་བཏང་ནས། མང་ཚོགས་ཀྱིས་སེམས་ཁུར་བྱེད་པའི་འབུར་ཐོན་གནད་དོན་ཁྲིམས་ལྟར་ཐག་གཅོད་པར་སྐུལ་འདེད་གཏོང་དགོས།
ཀྲའོ་ལི་ཅི་ཡིས་ནན་གྱིས་བསྟན་དོན། འཐུས་མིས་འགན་སྒྲུབ་བྱེད་པའི་ཁྲིམས་བཅད་རང་བཞིན་ལ་གོ་བ་ཟབ་མོ་ལེན་པ་དང་ཁོང་དུ་ཆུད་པར་བྱེད་དགོས། དམངས་ཆེན་འཐུས་མིས་ཁྲིམས་བཀོད་འགན་འཁྲི་ཕྲག་ཏུ་ཁུར་བ་དང་། ཁྲིམས་ལྟར་དང་གོ་རིམ་ལྡན་པ། ཚད་དང་ལྡན་པའི་སྒོ་ནས་འགན་སྒྲུབ་བྱེད་རྒྱུ་ནི་དགོས་ངེས་ཀྱི་རེ་བ་ཡིན། རྩ་ཁྲིམས་བརྩི་སྲུང་བྱེད་པ་དང་། རྩ་ཁྲིམས་ཀྱི་དགོངས་པ་དར་སྤེལ་གཏོང་བ། དཔེ་སྟོན་གྱིས་རྩ་ཁྲིམས་དང་བཅའ་ཁྲིམས་བརྩི་སྲུང་བྱས་ནས། རྩ་ཁྲིམས་དང་བཅའ་ཁྲིམས་ལག་བསྟར་བྱེད་པར་རམ་འདེགས་དང་སྐུལ་འདེད་བྱེད་དགོས། སྤྱོད་གཙང་རང་གཅུན་དང་གཞུང་དྲང་ཚུལ་མཐུན། རང་འགན་བརྩོན་སྒྲུབ་བྱས་ཏེ། རང་རྟོགས་སྒོས་ལྟ་སྐུལ་དང་ལེན་བྱེད་པ་དང་། རང་རྟོགས་སྒོས་འཐུས་མིའི་སྣང་བརྙན་ལ་སྲུང་སྐྱོང་བྱེད་དགོས།
ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་གཞོན་པ་ལིས་ཧུང་ཀྲུང་གིས་བཞུགས་མོལ་ཚོགས་འདུར་མགོ་འཛིན་བྱས།
རིན་ཆེན་མཚོས་བསྒྱུར།