ཀྲུང་གུང་ཀྲུང་དབྱང་གཞུང་སྒྲུབ་ཐིན་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་སྒྲུབ་ཐིན་གྱིས་བདེ་འཇགས་ཐོན་སྐྱེད་དཔྱད་ཞིབ་སྐོར་ཞིབ་བྱེད་ཐབས་པར་འགྲེམས་བྱས།
2025.04.30 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 0

ཉེ་ལམ། ཀྲུང་གུང་ཀྲུང་དབྱང་གཞུང་སྒྲུབ་ཐིན་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་སྒྲུབ་ཐིན་གྱིས་བདེ་འཇགས་ཐོན་སྐྱེད་དཔྱད་ཞིབ་སྐོར་ཞིབ་བྱེད་ཐབས་པར་འགྲེམས་བྱས་ཏེ། བདེ་འཇགས་ཐོན་སྐྱེད་དཔྱད་ཞིབ་སྐོར་ཞིབ་རྐྱེན་སྲོལ་སྔར་ལས་འཐུས་ཚང་དུ་བཏང་ཞིང་། བདེ་འཇགས་ཐོན་སྐྱེད་དཔྱད་ཞིབ་སྐོར་ཞིབ་བྱ་བ་སྔར་ལས་ཚད་ལྡན་དུ་བཏང་།

བྱེད་ཐབས་ལས་བདེ་འཇགས་ཐོན་སྐྱེད་འགན་འཁྲིའི་ལམ་ལུགས་དངོས་འབེབས་ནན་མོ་བྱེད་ཆེད། ཏང་ཀྲུང་དབྱང་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཞིང་ཆེན་དང་། རང་སྐྱོང་ལྗོངས། ཐད་གཏོགས་གྲོང་ཁྱེར་བཅས་ཀྱི་ཏང་ཨུ་དང་མི་དམངས་སྲིད་གཞུང་། ཞིན་ཅང་ཐོན་སྐྱེད་འཛུགས་སྐྲུན་དམག་ཚོགས་ཀྱི་ཏང་ཨུ། དམག་ཚོགས། རྒྱལ་སྲིད་སྤྱི་ཁྱབ་ཁང་བདེ་འཇགས་ཐོན་སྐྱེད་ཨུ་ཡོན་ལྷན་ཁང་བཅས་ཀྱི་ཁུངས་གཏོགས་ལས་ཁུངས་ཀྱིས་བདེ་འཇགས་ཐོན་སྐྱེད་དཔྱད་ཞིབ་སྐོར་ཞིབ་བྱ་བ་སྤེལ་དགོས་པ་གསལ་བོར་བཏོན་ཡོད།

བྱེད་ཐབས་ལས་བདེ་འཇགས་ཐོན་སྐྱེད་དཔྱད་ཞིབ་སྐོར་ཞིབ་བྱ་བས་ཏང་གི་མགོ་ཁྲིད་རྒྱུན་འཁྱོངས་དང་། སྒྲིག་ཁྲིམས་བརྩི་སྲུང་། དངོས་ཐོག་བདེན་འཚོལ། དྲང་གཞག་ལུགས་མཐུན། དངོས་འབྲས་བརྩི་མཐོང་བཅས་རྒྱུན་འཁྱོངས་བྱས་ཏེ། ས་གནས་ཏང་ཨུ་དང་སྲིད་གཞུང་། རྒྱལ་སྲིད་སྤྱི་ཁྱབ་ཁང་བདེ་འཇགས་ཐོན་སྐྱེད་ཨུ་ཡོན་ལྷན་ཁང་གི་ཁོངས་གཏོགས་ལས་ཁུངས་ཀྱིས་བདེ་འཇགས་ཐོན་སྐྱེད་ཀྱི་ཏང་སྲིད་འགན་མཉམ་འཁུར་དང་ལས་གནས་གཅིག་ལ་འགན་འཁྲི་གཉིས། མཉམ་འཛིན་མཉམ་སྡོམ། ལས་འཛོལ་འགན་འཁྲི་རྩད་གཅོད། ལས་རིགས་ལ་དོ་དམ་བྱེད་ན་ངེས་པར་དུ་བདེ་འཇགས་ལ་དོ་དམ་བྱེད་དགོས་པ་དང་། ལས་གཉེར་ལ་དོ་དམ་བྱེད་ན་ངེས་པར་དུ་བདེ་འཇགས་ལ་དོ་དམ་བྱེད་དགོས་པ། ཐོན་སྐྱེད་བདག་གཉེར་ལ་དོ་དམ་བྱེད་ན་ངེས་པར་དུ་བདེ་འཇགས་ལ་དོ་དམ་བྱེད་དགོས་པའི་འགན་འཁྲི་བཅས་དངོས་འབེབས་བྱེད་པར་སྐུལ་འདེད་གཏོང་བ་དང་། ཐོན་སྐྱེད་བདག་གཉེར་ལས་ཁུངས་ཀྱིས་བདེ་འཇགས་ཐོན་སྐྱེད་ཀྱི་གཙོ་གཞིའི་འགན་འཁྲི་དངོས་འབེབས་བྱེད་པར་ལྟ་སྐུལ་བྱེད་དགོས་ཤིང་། བདེ་འཇགས་ཐོན་སྐྱེད་བཅོས་སྐྱོང་རྣམ་པ་དེ་སྔོན་འགོག་རྣམ་པར་ཚུལ་སྒྱུར་བྱེད་པར་སྐུལ་འདེད་བཏང་ནས། ཐོན་སྐྱེད་བདེ་འཇགས་ཀྱི་དོན་རྐྱེན་ནུས་ལྡན་སྒོས་སྔོན་འགོག་དང་གཏན་འགོག་བྱེད་དགོས་པ་གཏན་འབེབས་བྱས་ཡོད།

བྱེད་ཐབས་ལས་བདེ་འཇགས་ཐོན་སྐྱེད་དཔྱད་ཞིབ་སྐོར་ཞིབ་བྱ་བ་དེ་རྒྱལ་སྲིད་སྤྱི་ཁྱབ་ཁང་བདེ་འཇགས་ཐོན་སྐྱེད་ཨུ་ཡོན་ལྷན་ཁང་གིས་གཅིག་འདོམས་རྩ་འཛུགས་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་བདེ་འཇགས་ཐོན་སྐྱེད་ཨུ་ཡོན་ལྷན་ཁང་གཞུང་སྒྲུབ་ཁང་གིས་ལག་བསྟར་གྱི་འགན་འཁྲི་འཁུར་དགོས་པ་མ་ཟད་ཉིན་རྒྱུན་བྱ་བར་འགན་འཁུར་དགོས། ལོ་ཧྲིལ་བོའི་བདེ་འཇགས་ཐོན་སྐྱེད་དཔྱད་ཞིབ་སྐོར་ཞིབ་ཀྱི་བཀོད་སྒྲིག་གཞིར་བཟུང་སྟེ། ཀྲུང་དབྱང་རིམ་པའི་བདེ་འཇགས་ཐོན་སྐྱེད་དཔྱད་ཞིབ་སྐོར་ཞིབ་ཚན་ཆུང་རྩ་འཛུགས་བྱས་ནས་འབྲེལ་ཡོད་བྱ་བ་སྤེལ་དགོས། ས་ཆ་སོ་སོ་དང་འབྲེལ་ཡོད་སྡེ་ཁག་སོ་སོས་གཅིག་འདོམས་འཕེལ་རྒྱས་དང་བདེ་འཇགས། བདེ་འཇགས་ཐོན་སྐྱེད་འགན་འཁྲི་དངོས་འབེབས་བྱས་པ། གཙོ་གནད་བྱ་བའི་འཕེལ་རིམ། མངོན་མེད་ཉེན་ཁ་ཞིབ་བཤེར་བཅོས་སྐྱོང་། ཁྲིམས་ལྟར་བཅོས་སྐྱོང་ཤུགས་དྲག་ཏུ་གཏོང་བ། སློབ་གསོ་གསོ་སྦྱོང་དྲིལ་སྒྲོག་བྱས་པ། རྨང་གཞིའི་འགན་སྲུང་དང་དོན་རྐྱེན་ཞིབ་བཤེར་ཐག་གཅོད་སོགས་ཕྱོགས་ཀྱི་བྱ་བ་བསྒྲུབ་པའི་གནས་ཚུལ་གཙོར་བཟུང་ནས་དཔྱད་ཞིབ་བྱེད་རྒྱུ་ཡིན་ལ། གཙོ་བོ་བཞུགས་མོལ་འདྲི་རྟོགས་དང་། འཕྲིན་བཅར་ཞུ་གཏུག་བདག་སྤྲོད། མངོན་བཤེར་ལྐོགས་བཅར། གཙོ་གནད་རྒྱུ་ཆ་ཀློག་པ། ཁ་བརྡ་གྲོས་མོལ། ཆེད་མཁས་མཛུབ་སྟོན་ཞབས་ཞུ་སོགས་ཀྱི་བྱ་བའི་བྱེད་ཐབས་སྤྱད་ནས་དཔྱད་ཞིབ་སྐོར་ཞིབ་བྱ་བ་སྤེལ་རྒྱུ་དང་། ཞིང་ཆེན་རིམ་པའི་ཏང་ཨུ་དང་སྲིད་གཞུང་གིས་སྤེལ་བའི་བདེ་འཇགས་ཐོན་སྐྱེད་དཔྱད་ཞིབ་སྐོར་ཞིབ་བྱ་བ་དེ་ས་གནས་གྲོང་ཁྱེར་རིམ་པའི་ཏང་ཨུ་དང་སྲིད་གཞུང་བར་དུ་རྒྱུན་བསྲིང་ནས་འཐེན་བཤེར་དཔྱད་ཞིབ་བྱས་ཆོག་པའི་གཏན་འབེབས་བྱས་ཡོད།

བྱེད་ཐབས་ལས་བདེ་འཇགས་ཐོན་སྐྱེད་དཔྱད་ཞིབ་སྐོར་ཞིབ་བྱ་བས་ཆབ་སྲིད་སྒྲིག་ཁྲིམས་དང་ཆབ་སྲིད་སྒྲིག་སྲོལ་གཟབ་ནན་ཏུ་གཏོང་བ་དང་། ཏང་ཀྲུང་དབྱང་གི་ཕྱི་ཚུལ་རིང་ལུགས་བཅོས་སྐྱོང་བྱས་ཏེ་གཞི་རིམ་གྱི་ཁུར་བོ་ཇེ་ཡང་དུ་གཏོང་བའི་སྐོར་གྱི་ཇུས་ཆོད་བཀོད་སྒྲིག་དང་འབྲེལ་ཡོད་བླང་བྱ་དངོས་འབེབས་ནན་མོ་བྱེད་དགོས། ཞིང་ཆེན་རིམ་པའི་ཏང་ཨུ་དང་སྲིད་གཞུང་གིས་གནས་ཚུལ་གྱི་ཚབས་ཆེ་ཆུང་ལ་གཞིགས་ཏེ། བདེ་འཇགས་ཐོན་སྐྱེད་དཔྱད་ཞིབ་སྐོར་ཞིབ་ལས་ཤེས་རྟོགས་ཁྱབ་བསྒྲགས་བྱས་པའི་དཔེ་མཚོན་གྱོད་གཞི་དང་དོན་རྐྱེན་ཚབས་ཆེན་གྱི་མངོན་མེད་ཉེན་ཁ་སྐུལ་སྒྲུབ་བྱེད་པ་དང་། ཁྲིམས་ལྟར་ཐག་གཅོད་པ། འགན་འཁྲི་རྗེས་འདེད་དང་། ཡོངས་བསྒྲགས་བྱེད་དགོས་ཤིང་། སྐུལ་སྒྲུབ་གནད་དོན་དང་མངོན་མེད་ཉེན་ཁ་དག་ཐེར་བྱ་བ་དངོས་འབེབས་དོན་འཁྱོལ་བྱེད་པ་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་བདེ་འཇགས་ཐོན་སྐྱེད་ཨུ་ཡོན་ལྷན་ཁང་གི་ཁོངས་གཏོགས་ལས་ཁུངས་ཀྱིས་བདེ་འཇགས་ཐོན་སྐྱེད་བྱ་བ་བཅོས་སྒྱུར་དང་ཤུགས་དྲག་ཏུ་གཏོང་བའི་སྲིད་ཇུས་བྱེད་ཐབས་ཞིབ་འཇུག་གཏན་འབེབ་བྱེད་དགོས། རྒྱལ་སྲིད་སྤྱི་ཁྱབ་ཁང་བདེ་འཇགས་ཐོན་སྐྱེད་ཨུ་ཡོན་ལྷན་ཁང་གཞུང་སྒྲུབ་ཁང་གིས་དཔྱད་ཞིབ་སྐོར་ཞིབ་དག་ཐེར་དངོས་འབེབས་གནས་ཚུལ་ཐད་ནས་སྐུལ་སྒྲུབ་བྱེད་པ་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་བདེ་འཇགས་ཐོན་སྐྱེད་ཨུ་ཡོན་ལྷན་ཁང་དང་མཉམ་དུ་འབྲེལ་ཡོད་ཁོངས་གཏོགས་ལས་ཁུངས་ཀྱིས་ཞིང་ཆེན་རིམ་པའི་ཏང་ཨུ་དང་སྲིད་གཞུང་རྩ་འཛུགས་འཐེན་བཤེར་དཔྱད་ཞིབ་བྱེད་དགོས་པ་ནན་གྱིས་བསྟན་ཡོད།

རིག་འཛིན་སྒྲོལ་མས་བསྒྱུར།