ཟླ4པའི་ཚེས28ཉིན། ཞིང་ཆེན་སྲིད་གྲོས་ཀྱིས་མཐོ་སྒང་ཁམས་གསོ་འཕེལ་རྒྱས་ལྟ་བ་དང་འཛུགས་སྐྲུན་གནས་ཚུལ་སྐོར་གྱི་ཆེད་མཁས་པའི་བཞུགས་མོལ་ཚོགས་འདུ་བསྡུས་ནས། ཆེད་ལས་མཁས་པའི་བསམ་འཆར་དང་གྲོས་གཞིར་ཉན་པ་དང་། མཐོ་སྒང་ཁམས་གསོ་འཕེལ་རྒྱས་ལྟ་བར་མཉམ་དུ་བགྲོ་གླེང་བྱས་ཏེ། མཐོ་སྒང་གི་གསོ་རིག་དང་ཁམས་གསོའི་བྱ་གཞག་གི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་སྒུལ་ནུས་དྲག་པོ་བསྣན། ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་མགོན་པོ་བཀྲ་ཤིས་ཚོགས་འདུར་ཞུགས་པར་མ་ཟད་གཏམ་བཤད།
བཞུགས་མོལ་ཚོགས་འདུའི་སྟེང་། ཀྲུང་གོའི་བཟོ་སྐྲུན་གླིང་གི་ཡོན་ཧྲི་ཝུའུ་ཐེན་དབྱི་ཡིས་གཏམ་བཤད་པ་དང་། ཁྲིན་ཏུའུ་ཆ་འཕྲིན་བཟོ་སྐྲུན་སློབ་ཆེན་གྱི་ཁོར་ཡུག་གནས་ཚུལ་དང་བདེ་ཐང་ཞིབ་འཇུག་ཁང་གི་ཡོན་ཀྲང་གཞོན་པ་ཝང་ཧྲི་ཀུང་གིས་ཁེ་ཕན་གཙོ་ཁྲིད་དུ་བྱས་པའི་གནམ་གཤིས་གསོ་རིག་ཞིབ་འཇུག་དང་བེད་སྤྱོད་ཞབས་ཞུ་ཞེས་པའི་ཆེད་དོན་ངོ་སྤྲོད་བྱས་པར་མ་ཟད། མཚོ་སྔོན་མཐོ་སྒང་གི་ཁམས་གསོའི་ཐོན་ལས་འཕེལ་རྒྱས་ཐད་བསམ་འཆར་དང་གྲོས་གཞི་བཏོན། ཞིང་ཆེན་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་དང་ཟི་ལིང་གྲོང་ཁྱེར་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་གི་འགན་ཁུར་བློ་མཐུན་གྱིས་འབྲེལ་ཡོད་བྱ་བ་སྒྲུབ་པའི་གནས་ཚུལ་ངོ་སྤྲོད་བྱས། ཚོགས་ཞུགས་མི་སྣས་བརྗོད་གཞིར་དམིགས་ནས་མཉམ་འགུལ་བརྗེ་རེས་སྤེལ།
ཚང་མའི་བརྗེ་རེས་གཏམ་བཤད་ལ་ཉན་རྗེས། མགོན་པོ་བཀྲ་ཤིས་ཀྱིས་ཝང་ཧྲི་ཀུང་དང་ཁོང་གིས་ཁྲིད་པའི་ཚོགས་པ་མཚོ་སྔོན་ལ་རྟོག་ཞིབ་བརྗེ་རེས་བྱེད་དུ་ཡོང་བར་དགའ་བསུ་བྱས། ཁོས་བཤད་རྒྱུར། ཡོན་ཀྲང་ཝང་དང་དེའི་ཚོགས་པའི་ཞིབ་འཇུག་གྲུབ་འབྲས་མང་པོ་མཐོ་སྒང་ཁམས་གསོ་འཕེལ་རྒྱས་འགྲོ་བར་དོན་སྙིང་གལ་ཆེན་ལྡན། གནམ་གཤིས་གསོ་རིག་དང་མཐོ་སྒང་ཁམས་གསོ་གཉིས་ཀས་རང་བྱུང་ཁོར་ཡུག་གིས་མིའི་བདེ་ཐང་ལ་ཤུགས་རྐྱེན་ཐེབས་ཚུལ་འཚོལ་ཞིབ་བྱེད་པར་ཤུགས་བཏོན། ཚན་རྩལ་རྒྱུན་མཐུད་སྒོས་ཡར་ཐོན་བྱུང་བ་དང་བསྟུན། གནམ་གཤིས་རྒྱུ་རྐྱེན་དང་མིའི་རིགས་ཀྱི་བདེ་ཐང་འབྲེལ་བའི་ཚད་རིག་ཞིབ་འཇུག་གཏིང་ཟབ་ཏུ་སྤེལ་བ་དང་། གནམ་གཤིས་གསོ་རིག་དང་མཐོ་སྒང་ཁམས་གསོའི་ཁྱབ་ཁོངས་ཆེན་པོ་གཉིས་ཀྱི་ཞིབ་འཇུག་གྲུབ་འབྲས་ལ་ཤུགས་སྣོན་པའི་བརྗེ་རེས་དང་མཉམ་ལས་བརྒྱུད་དེ། མཐོ་སྒང་ཁམས་གསོ་དང་འབྲེལ་ཡོད་ཐོན་ལས་འཕེལ་རྒྱས་འགྲོ་བར་སྔར་ལས་སྐུལ་འདེད་གཏོང་དགོས། མཚོ་སྔོན་གྱི་མཐོ་སྒང་ཁམས་གསོ་འཕེལ་རྒྱས་ལ་དོ་སྣང་དང་རྒྱབ་སྐྱོར་བྱས་ནས། མཐོ་སྒང་ཁམས་གསོའི་ཐོན་ལས་ཐད་ཚན་ཞིབ་གྲུབ་འབྲས་ཀྱི་འདེགས་སྐྱོར་ཆེན་པོ་འདོན་སྤྲོད་བྱེད་པའི་རེ་བ་བཅངས་ཡོད། ཁོས་རྒྱུན་རྣམ་ཅན་གྱི་འབྲེལ་གཏུག་འབྲེལ་འདྲིས་རྐྱེན་སྲོལ་ཧུར་ཐག་གིས་འཛུགས་པ་དང་། ཕྱོགས་གཉིས་ཀྱི་བརྗེ་རེས་དང་མཉམ་ལས་ལ་ནུས་ལྡན་སྒོས་སྐུལ་འདེད་གཏོང་དགོས་པ་བསྟན།
མགོན་པོ་བཀྲ་ཤིས་ཀྱིས་བསྟན་དོན། མཐོ་སྒང་ཁམས་གསོའི་ཐོན་ལས་འཕེལ་རྒྱས་གཏོང་བ་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་བྱ་བའི་ཐད་བཏོན་པའི་བླང་བྱ་གལ་ཆེན་ལག་བསྟར་དོན་འཁྱོལ་བྱེད་པའི་བྱེད་ཐབས་གལ་ཆེན་ཞིག་ཡིན། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་ཐོག་མཐའ་བར་གསུམ་དུ་མཐོང་ཆེན་ཚད་མེད་བྱས་ནས། ཤུགས་ཆེན་པོས་མཐོ་སྒང་ཁམས་གསོའི་བྱ་གཞག་འཕེལ་རྒྱས་བཏང་བ་དང་། མཐོ་སྒང་ཁམས་གསོའི་ལྟ་བ་མིའི་སེམས་སུ་འཇགས་པར་བྱས་ཤིང་ཁམས་གསོའི་ཐོན་ལས་འཕེལ་རྒྱས་བཏང་སྟེ། བྱ་བ་སྣ་ཚོགས་ཐད་གྲུབ་འབྲས་མངོན་གསལ་བླངས། ཞིང་ཆེན་སྲིད་གྲོས་ཀྱིས་ཆེད་དམིགས་གྲོས་མོལ་ལས་ཁུངས་ཀྱི་ནུས་པ་འདོན་སྤེལ་བྱེད་པར་རྐང་བཙུགས་ནས། རང་ཞིང་གི་མཐོ་སྒང་ཁམས་གསོའི་ཐོན་ལས་འཕེལ་རྒྱས་ཐད་སྔར་ལས་རོགས་ཤུགས་འདོན་པ་དང་རྒྱབ་སྐྱོར་གཞོགས་འདེགས་བྱས་ཏེ། ཕྱོགས་སོ་སོའི་སྟོབས་ཤུགས་གཅིག་སྡུད་ཀྱིས་མཐོ་སྒང་ཁམས་གསོའི་བྱ་བ་མཉམ་དུ་ལེགས་པོར་བསྒྲུབ་དགོས།
ལྷ་མོ་འཚོས་བསྒྱུར།