ཟླ4པའི་ཚེས30ཉིན་གྱི་སྔ་དྲོར། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་བཅོ་ལྔ་པ་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོ་རུ་མཇུག་སྒྲིལ། གྲོས་ཚོགས་ལས་དམངས་གཉེར་དཔལ་འབྱོར་སྐུལ་འདེད་བཅའ་ཁྲིམས་དང་གསར་དུ་བཟོ་བཅོས་བྱས་པའི་འགོས་ནད་འགོག་བཅོས་ཀྱི་བཅའ་ཁྲིམས་ལ་བརྡས་ཐག་བཅད་ནས་གྲོས་འཆམ་བྱུང་བ་དང་། ཅུན་ཀྲོང་ལུང་གི་བཟོ་ལས་དང་ཆ་འཕྲིན་ཅན་པུའུ་ཡི་པུའུ་ཀྲང་གི་གོ་གནས་མེད་པར་གཏོང་བ་དང་། ལིས་ལི་བཟོ་ལས་དང་ཆ་འཕྲིན་ཅན་པུའུ་ཡི་པུའུ་ཀྲང་དུ་འཇོག་རྒྱུ་ཐག་བཅད། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཀྲུའུ་ཞིའི་བཀའ་རྒྱ་ཨང་ཞེ་དྲུག་པ་དང་ཞེ་བདུན་པ། ཞེ་བརྒྱད་པ་བཅས་ལ་མཚན་རྟགས་བཀོད། ཨུ་ཡོན་ཀྲང་ཀྲའོ་ལི་ཅི་ཡིས་མཇུག་སྒྲིལ་ཚོགས་འདུར་མགོ་འཛིན་བྱས།
རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཁོངས་མི160ཚོགས་འདུར་ཞུགས་པ་དང་། ཚོགས་ཞུགས་མི་གྲངས་ཁྲིམས་བཀོད་མི་གྲངས་དང་མཐུན།
གྲོས་ཚོགས་ལས་རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་མངག་བཅོལ་ལྟར་ཀྲུང་གོ་རང་མོས་ཉོ་ཚོང་ཚོད་ལྟའི་ཁུལ་དུ་གནས་སྐབས་སུ་སྤྱོད་པའི《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ས་བོན་བཅའ་ཁྲིམས》ཀྱི་འབྲེལ་ཡོད་གཏན་འབེབས་ལ་བརྡས་ཐག་བཅད་ནས་གྲོས་འཆམ་བྱུང་།
གྲོས་ཚོགས་ལས་རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དང་སོ་ཏི་ཨ་རབ་རྒྱལ་པོའི་རྒྱལ་ཁབ་ཀྱི་དམངས་དོན་དང་ཚོང་དོན་ཁྲིམས་འཛིན་རོགས་འདེགས་དང་མཉམ་ལས་སྐོར》གྱི་ཆོད་དོན་ལ་མཆོག་མཆན་འགོད་པ་དང་། 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དང་ཨེ་ཙེ་ཨོ་ཕི་ཡ་རྒྱལ་ཕྲན་མཉམ་འབྲེལ་དམངས་གཙོ་སྤྱི་མཐུན་རྒྱལ་ཁབ་ཀྱི་ཁྲིམས་ཐག་བཅད་པའི་མིའི་ཁྲིམས་གཅོད་སྤོ་སྒྱུར་དོ་དམ་བྱེད་པའི་ཆིངས་ཡིག》གི་ཐག་གཅོད་ལ་མཆོག་མཆན་འགོད་པའི་ཐད་བརྡས་ཐག་བཅད་ནས་གྲོས་འཆམ་བྱུང་།
གྲོས་ཚོགས་ལས་རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་འཐུས་མིའི་ཐོབ་ཐང་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་འཐུས་མི་རེ་ཟུང་གི་འཐུས་མིའི་ཐོབ་ཐང་སྐོར་གྱི་སྙན་ཞུར་བརྡས་ཐག་བཅད་ནས་གྲོས་འཆམ་བྱུང་།
གྲོས་ཚོགས་ལས་ད་དུང་འབྲེལ་ཡོད་བསྐོ་འཐེན་གནད་དོན་ལ་བརྡས་ཐག་བཅད་ནས་གྲོས་འཆམ་བྱུང་།
རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་གཞོན་པ་ལིས་ཧུང་ཀྲུང་དང་། ཝང་ཏུང་མིན། ཞའོ་ཅེ། ཀྲིན་ཅན་པང་། ཏེན་ཀྲུང་ལིས། ཧའོ་མིན་ཅིན། ཚའེ་ཏ་ཧྥིན། ཧི་ཝེ། ཝུའུ་ཝེ་ཧྭ། ཐེ་ཉིན། ཕིན་ཆིང་ཧྭ། ཀྲང་ཆིན་ཝེ། བློ་བཟང་རྒྱལ་མཚན། ཞུའེ་ཁི་ལི་ཐི་ཀྲ་ཁི་ཨར། དྲུང་ཡིག་ཆེན་མོ་ལིའུ་ཆི་བཅས་གྲོས་ཚོགས་སུ་ཞུགས།
རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཀྲང་ཀའོ་ཆིན་དང་། ཆེས་མཐོའི་མི་དམངས་ཁྲིམས་ཁང་གི་ཡོན་ཀྲང་ཀྲང་ཅུན། ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གི་ཞིབ་དཔྱོད་དཔོན་དབྱིན་ཡུང་། རྒྱལ་ཁབ་ལྟ་ཞིབ་ཨུ་ཡོན་ལྷན་ཁང་གི་འགན་འཁུར་བློ་མཐུན། རྒྱལ་ཡོངས་དམངས་ཆེན་ཆེད་དོན་ཨུ་ཡོན་ལྷན་ཁང་སོ་སོའི་ཁོངས་མི་དང་། ཞིང་ཆེན་དང་རང་སྐྱོང་ལྗོངས། གྲོང་ཁྱེར་སོ་སོའི་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་འགན་འཁུར་བློ་མཐུན། ཞིང་ཆེན་རིམ་པ་གཞོན་པའི་གྲོང་ཁྱེར་སྐོར་ཞིག་གི་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་འགན་འཁུར་བློ་མཐུན་གཙོ་བོ། རྒྱལ་ཡོངས་དམངས་ཆེན་གྱི་འཐུས་མི་སྐོར་ཞིག་དང་འབྲེལ་ཡོད་སྡེ་ཁག་གི་འགན་འཁུར་བློ་མཐུན་སོགས་གྲོས་ཚོགས་ལ་ཟུར་ཞུགས་བྱས།
གྲོས་ཚོགས་མཇུག་སྒྲིལ་རྗེས། རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་བཞི་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཆེད་དོན་འཆད་ཁྲིད་ཐེངས་བཅུ་དྲུག་པ་འཚོགས་པ་དང་། ཨུ་ཡོན་ཀྲང་ཀྲའོ་ལི་ཅི་ཡིས་མགོ་འཛིན་མཛད། ཕྱི་འབྲེལ་པུའུ་ཆིངས་ཡིག་བཅའ་ཁྲིམས་སི་ཡི་སི་ཀྲང་། མཉམ་འབྲེལ་རྒྱལ་ཚོགས་རྒྱལ་སྤྱིའི་བཅའ་ཁྲིམས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་མ་ཞིན་མིན་གྱིས་ཁ་བྱང་ལ《རང་རྒྱལ་གྱི་ཆིངས་ཡིག་བཅའ་ཁྲིམས་ལམ་ལུགས་དང་བྱ་བའི་ལག་ལེན》ཞེས་པའི་འཆད་ཁྲིད་གནང་།
ཤ་བོ་རིན་མཚོས་བསྒྱུར།