མཚོ་སྔོན་ཞིང་ཆེན་གྱི་ཚོང་འགུག་དངུལ་འདྲེན་འོས་སྦྱོར་ཚོགས་འདུ་དེ་ནན་ཅིང་དང་ཧང་ཀྲོའུ་རུ་བསྡུས།
2025.05.01 ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 0

ཟླ4པའི་ཚེས28དང་ཚེས29ཉིན།  མཚོ་སྔོན་གྱི་སོ་སོར་ཅང་སུའུ་ཞིང་ཆེན་ནན་ཅིང་གྲོང་ཁྱེར་དང་ཀྲེ་ཅང་ཞིང་ཆེན་ཧང་ཀྲོའུ་གྲོང་ཁྱེར་དུ་སྒོ་འབྱེད་མཉམ་ལས་དང་གཉིས་ཕན་མཉམ་རྒྱལ་ཞེས་པ་བརྗོད་གཞི་ཡིན་པའི་ཚོང་འགུག་དངུལ་འདྲེན་འོས་སྦྱོར་ཚོགས་འདུ་བསྡུས་ནས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་བྱ་བར་བཏོན་པའི་བླང་བྱ་གལ་ཆེན་ལག་བསྟར་དོན་འཁྱོལ་བྱས་པ་དང་། མཚོ་སྔོན་ལ་ཁ་གཏད་རོགས་སྐྱོར་བྱས་པ་དང་ཤར་ནུབ་རྒྱུད་མཉམ་ལས་རྐྱེན་སྲོལ་ལ་བརྟེན་ནས། ཚོང་འགུག་དངུལ་འདྲེན་བརྗེ་རེས་སྟེགས་བུ་བསྐྲུན་པ་དང་། ཐོན་ལས་མཉམ་ལས་ཟབ་སྤེལ་བྱས་ཏེ། འཕེལ་རྒྱས་ཀྱི་གོ་སྐབས་གསར་བ་མཉམ་སྤྱོད་བྱས། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཝུའུ་ཞའོ་ཅུན་གྱིས་ཤིས་ཚིག་ཕུལ་བ་དང་། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ལའོ་ཏུང་ཁྲོན་གྱིས་ཚོང་འགུག་དངུལ་འདྲེན་འོས་སྦྱོར་བྱས།

ཅང་སུའུ་ཞིང་ཆེན་དང་ཀྲེ་ཅང་ཞིང་ཆེན་གྱི་ནུས་ཁུངས་གསར་བ་དང་རྒྱུ་ཆ་གསར་བ། ལྗང་མདོག་རྩིས་ནུས། རིག་གནས་ཡུལ་སྐོར་བཅས་ཀྱི་ཁེ་ལས་ཀྱི་འཐུས་ཚབ་པ་ཉིས་བརྒྱ་ལྷག་ཚོགས་འདུར་ཞུགས། ལས་རིགས་ཀྱི་ཆེད་མཁས་པ་དང་ཁེ་ལས་ཀྱི་འཐུས་ཚབ་པ་བརྒྱད་ཀྱིས་བརྗེ་རེས་གཏམ་བཤད་སྤེལ།

ཝུའུ་ཞའོ་ཅུན་གྱིས་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ཚབ་བྱས་ནས་དུས་ཡུན་རིང་པོར་མཚོ་སྔོན་གྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་འགྲོ་བར་ཐུགས་ཁུར་དང་རྒྱབ་སྐྱོར་བྱས་པའི་ཅང་སུའུ་དང་ཀྲེ་ཅང་གི་ལས་རིགས་སོ་སོར་ལྷག་བསམ་རྣམ་དག་གིས་བཀའ་དྲིན་ཞུས་པ་དང་། འོས་སྦྱོར་ཚོགས་འདུར་ཞུགས་པའི་ཁེ་ལས་པར་སྤྲོ་སེམས་འཁོལ་བའི་ངང་ནས་དགའ་བསུ་བྱས། ཁོས་བཤད་རྒྱུར། ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཚུན་ལ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཐོག་མཐའ་བར་གསུམ་དུ་མཚོ་སྔོན་གྱི་བྱ་བར་མཐོང་ཆེན་ཚད་མེད་གནང་ཞིང་རིགས་སོ་སོའི་མང་ཚོགས་ལ་བླ་མེད་ཐུགས་ཁུར་མཛད་པ་དང་། ཀྲེ་ཅང་དང་ཅང་སུའུ་ཞིང་ཆེན་གཉིས་རོགས་སྐྱོར་མཉམ་ལས་ཀྱི་ཞིང་ཆེན་ཡིན་པའི་ཆ་ནས། བརྩེ་སེམས་མཐོ་སྒང་ལ་ཕུལ་ཞིང་ནུས་ཤུགས་ཡོད་རྒུས་མཚོ་སྔོན་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱས། ཉེ་བའི་ལོ་འགའི་རིང་། ཁ་གཏད་རོགས་སྐྱོར་དང་ཤར་ནུབ་རྒྱུད་མཉམ་ལས་ཀྱི་སྦྲེལ་མཐུད་ཟབ་མོར་བརྟེན། ཅང་སུའུ་ཡི་མཐོ་ས་གསར་གཏོད་དང་ཀྲེ་ཅང་གི་ཚན་རྩལ་གསར་གཏོད་ཀྱི་སྟོབས་ལྡན་ཞིང་ཆེན་དང་མཚོ་སྔོན་གྱི་ཐོན་ཁུངས་ལེགས་ཆའི་དགེ་མཚན་ཕན་ཚུན་གསབ་རེས་བྱས་པས། གཞན་ལ་བརྟེན་པ་ནས་རང་ལ་བརྟེན་པ་མངོན་འགྱུར་བྱུང་བ་དང་། ཕྱོགས་རྐྱང་བའི་རོགས་སྐྱོར་ནས་གཉིས་ཕན་མཉམ་རྒྱལ་གྱི་འཕེལ་རྒྱས་རྣམ་པ་ལེགས་པོར་ཚུལ་སྒྱུར་བྱས་ཤིང་། མཉམ་ལས་ཀྱི་རྨང་གཞི་སྔར་ལས་བརྟན་པོར་གྱུར་ནས། མཉམ་ལས་མཉམ་རྒྱལ་གྱི་དུས་སྐབས་ཆེས་ལེགས་ཤོས་དེ་བསུས་ཡོད་ཟེར།

ཝུའུ་ཞའོ་ཅུན་གྱིས་བཤད་རྒྱུར། དེ་རིང་གི་མཚོ་སྔོན་གྱི་རང་བྱུང་མཛེས་པ་དེ་ཐོན་ཁུངས་ཀྱི་དགེ་མཚན་དུ་འགྱུར་བཞིན་ཡོད་ལ།  འཁྱགས་གྲང་ཆེ་བའི་མཚོ་སྔོན་གྱིས་དུས་སྐབས་ཆེས་ལེགས་ཤོས་དེ་བསུ་བཞིན་ཡོད། མཚོ་སྔོན་གྱི་གོ་སྐབས་ནི་ཁེ་ལས་ཀྱི་གོ་སྐབས་ཡིན་ལ། མཚོ་སྔོན་གྱི་མ་འོངས་པ་ནི་ཚང་མ་དང་མཉམ་དུ་ལག་རྡང་སྦྲེལ་བའི་མཉམ་རྒྱལ་གྱི་མ་འོངས་པ་ཡིན་ངེས། ཅང་སུའུ་དང་ཀྲེ་ཅང་གི་ཁེ་ལས་སྔར་ལས་མང་པོ་མཚོ་སྔོན་དུ་ཡོང་ནས་མཚོ་སྔོན་ལ་རྒྱུས་ལོན་བྱེད་པ་དང་མཚོ་སྔོན་ལ་མ་དངུལ་བཏང་སྟེ། དག་གཙང་ནུས་ཁུངས་ཀྱི་སྣེ་ཁྲིད་པ་དང་། སྐྱེ་ཁམས་རིན་ཐང་ཚུལ་སྒྱུར་མཁན། ཚན་རྩལ་གསར་གཏོད་ཀྱི་གསར་འབྱེད་པ་བཅས་བྱེད་པར་ལྷག་བསམ་རྣམ་དག་གིས་གདན་ཞུ་བྱེད་ཀྱིན་ཡོད། ང་ཚོས་མཚོ་སྔོན་གྱི་དངོས་ཡོད་གནས་ཚུལ་དང་མཚོ་སྔོན་གྱི་དགེ་མཚན་ལ་རྐང་བཙུགས་ནས། ཐོག་མཐའ་བར་གསུམ་དུ་ཚོང་གཉེར་ཁོར་ཡུག་དེ་ཁེ་ལས་འཕེལ་རྒྱས་ཀྱི་ཚེ་སྲོག་ལྟ་བུར་བརྩི་བ་དང་། མཚོ་སྔོན་དུ་ཡོང་ནས་དངུལ་གཏོང་བྱེད་པའི་ཁེ་ལས་པ་དང་མཉམ་དུ་དུས་རབས་གསར་བའི་མཚར་སྡུག་ཅིག་བསྐྲུན་རྒྱུ་ཡིན་ཟེར།

ལའོ་ཏུང་ཁྲོན་གྱིས་འོས་སྦྱོར་བྱེད་སྐབས་བཤད་རྒྱུར། མཚོ་སྔོན་དང་ཅང་སུའུ། མཚོ་སྔོན་དང་ཀྲེ་ཅང་གི་མཉམ་ལས་ཀྱི་ལེའུ་རེ་རེ་དང་འཆར་འགོད་རེ་རེ་ནི་གཞི་གྲངས་འཕེལ་རྒྱས་དང་ལྗང་མདོག་འཕེལ་རྒྱས་ཀྱི་མཉམ་གནས་གཟི་བརྗིད་ཡིན་ལ། ཤར་རྒྱུད་ཀྱིས་རིག་ནུས་བསྐྲུན་པ་དང་ནུབ་རྒྱུད་ཀྱིས་སྟོབས་ནུས་སྩོལ་བའི་མཉམ་སྡེབ་ཀྱི་རྣམ་པ་ཡིན་པས། གཙང་པོ་རྒྱུག་ནས་རྒྱ་མཚོར་འབབ་པ་དང་ཆཱན་ཐང་ཆུ་བོ་དང་མཚོ་སྔོན་པོའི་རླབས་རྒྱུན་སྦྲེལ་བའི་སྦས་ཤུགས་ཆེན་པོ་མཚོན་ཡོད། མིག་སྔར། མཚོ་སྔོན་ཞིང་ཆེན་གོང་འོག་ཡོངས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་དུ་གཟིགས་ཞིབ་མཛད་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱས་པ་དང་། སྟོབས་ཤུགས་གཅིག་སྡུད་སྒོས་སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་བསྐྲུན་པ་དང་། ཐོན་ལས་ཀྱི་གནས་བཞི་དང་ལྗང་མདོག་རྩིས་གློག་མཐུན་སྦྱོར་འཕེལ་རྒྱས་ཀྱི་དཔེ་སྟོན་ཁུལ་འཛུགས་པ། ངེས་གནས་གསར་བར་རྐང་བཙུགས་ནས་གོ་སྐབས་གསར་བ་དམ་འཛིན་དང་། སྣང་ཚུལ་གསར་བ་མངོན་པ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་དགེ་མཚན་གསར་བ་དང་སྒུལ་ནུས་གསར་བ་མུ་མཐུད་དུ་གསར་སྤེལ་བྱེད་ཀྱིན་ཡོད། ང་ཚོས་རྒྱ་ཆེའི་ཅང་སུའུ་ཡི་ཚོང་པ་དང་ཀྲེ་ཅང་གི་ཚོང་པས་རིམ་པ་སྔར་ལས་མཐོ་བའི་སྒོ་ནས་བརྗེ་རེས་མཉམ་ལས་ཟབ་སྤེལ་བྱེད་པ་དང་། འཕེལ་རྒྱས་ཀྱི་གོ་སྐབས་མཉམ་སྤྱོད་བྱས་ཏེ། སྤུས་གསར་གྱི་མ་འོངས་པ་མཉམ་དུ་བསྐྲུན་པར་ལྷག་བསམ་རྣམ་དག་གིས་གདན་ཞུ་བྱེད་བཞིན་ཡོད། མཚོ་སྔོན་གྱིས་ནུས་ཤུགས་ཡོད་རྒུས་ཁྲོམ་ར་ཅན་དང་ཁྲིམས་སྐྱོང་ཅན། རྒྱལ་སྤྱི་ཅན་བཅས་ཀྱི་ཚོང་གཉེར་ཁོར་ཡུག་རྩེ་གྲས་བསྐྲུན་ནས། ཁེ་ལས་ཀྱིས་མཚོ་སྔོན་དུ་སེམས་བདེ་མོས་དངུལ་གཏོང་བྱེད་པ་དང་། བློ་བདེ་མོས་ཚོང་གཉེར་བྱེད་པ། སེམས་རྣལ་དུ་ཕབ་ནས་ལས་གཏོད་བྱེད་པ། རིག་པ་སྒྲིམ་ནས་འཕེལ་རྒྱས་གཏོང་བ་བཅས་བྱེད་དུ་འཇུག་རྒྱུ་ཡིན་ཟེར།

ཀྲང་ཅིན་ཀང་གིས་མགོ་འཛིན་བྱས་པ་དང་། ཝང་ཝེ་ཏུང་དང་ཝུའུ་ལཱ་ཙི་པེ་ཁི·རེ་སུའུ་ལིས་ཧན། ལོའུ་ཀང་བཅས་ཚོགས་འདུར་ཞུགས།

ལྷ་མོ་འཚོས་བསྒྱུར།