མཚོ་སྔོན་ཞིང་ཆེན་གྱི་ཏང་སྲིད་འཐུས་ཚབ་ཚོགས་པས་ཀྲེ་ཅང་ཞིང་ཆེན་དུ་རྟོག་ཞིབ་བྱས།
2025.05.01 ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 0

ཟླ4ཚེས29ཉིན། མཚོ་སྔོན་ཞིང་ཆེན་གྱི་ཏང་སྲིད་འཐུས་ཚབ་ཚོགས་པས་ཀྲེ་ཅང་ཞིང་ཆེན་དུ་རྟོག་ཞིབ་བྱས། མཚོ་སྔོན་ཞིང་ཆེན་གྱི་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཝུའུ་ཞའོ་ཅུན་དང་། མཚོ་སྔོན་ཞིང་ཆེན་གྱི་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ལའོ་ཏུང་ཁྲོན་གཉིས་ཀྱིས་འཐུས་ཚབ་ཚོགས་པའི་སྣེ་ཁྲིད་དེ་ཧཱང་ཀྲོའུ་དང་ཀྲེ་ཅང་ཞིང་ཆེན་གྱི་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཝང་ཧའོ་དང་། ཀྲེ་ཅང་ཞིང་ཆེན་གྱི་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ལིའུ་ཅེ་གཉིས་དང་ལྷན་དུ་བཞུགས་མོལ་བྱས།

ཝང་ཧའོ་ཡིས་ཀྲེ་ཅང་ཞིང་ཆེན་ཏང་ཨུ་དང་། ཞིང་ཆེན་སྲིད་གཞུང་། ཀྲེ་ཅང་ཞིང་ཆེན་ཡོངས་ཀྱི་མི་དམངས་བཅས་ཀྱི་ཚབ་བྱས་ཏེ་མཚོ་སྔོན་ཞིང་ཆེན་གྱི་ཏང་སྲིད་འཐུས་ཚབ་ཚོགས་པར་དགའ་བསུ་ཞུས་ལ། མཚོ་སྔོན་ཞིང་ཆེན་གྱིས་དུས་ཡུན་རིང་བོར་ཀྲེ་ཅང་གི་བཅོས་སྒྱུར་འཕེལ་རྒྱས་ཐད་རྒྱབ་སྐྱོར་དང་རོགས་རམ་བྱས་ཤིང་། ཀྲེ་ཅང་གི་མཚོ་སྔོན་ལ་རོགས་བྱེད་པའི་ལས་བྱེད་པར་ཐུགས་ཁུར་བླ་ལྷག་གནང་བར་བཀའ་དྲིན་ཆེ་ཞུས། ཁོས་བཤད་རྒྱུར། མཚོ་སྔོན་ནི་རྨ་འབྲི་རྫ་གསུམ་གྱི་མགོ་ཁུངས་ཡིན་ལ། ཀྲུང་ཧྭའི་ཆུ་མཛོད་ཀྱི་མཚན་སྙན་ཐོབ་ཡོད་པས། རྒྱལ་ཁབ་འཕེལ་རྒྱས་ཀྱི་སྤྱི་ཡོངས་ཁྲོད་དུ་འཐབ་ཇུས་ཀྱི་གོ་གནས་གལ་ཆེན་ཟིན་ཡོད། ཉེ་བའི་ལོ་འདི་འགར། མཚོ་སྔོན་གྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་དང་དངོས་འབེབས་གཏིང་ཟབ་བྱས་ཏེ། མཚོ་བོད་མཐོ་སྒང་གི་སྐྱེ་ཁམས་སྲུང་སྐྱོབ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཕྱོགས་ནས་གྲུབ་འབྲས་གསར་བ་བླངས་ཡོད་པས། ཉམས་མྱོང་དང་བྱེད་ཐབས་མང་པོ་ཞིག་ལ་ཀྲེ་ཅང་གིས་དཔེ་ལྟ་དང་སློབ་སྦྱོང་བྱེད་རིན་ཡོད། ང་ཚོས་མཚོ་སྔོན་ཞིང་ཆེན་གྱིས་བློ་རྩ་བརྟན་པོས་སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་བསྐྲུན་པའི་ཆབ་སྲིད་ཀྱི་ལངས་གནས་དང་། ཡུལ་བབ་དང་བསྟུན་ནས་ལྗང་མདོག་ཐཱན་ཉུང་རྣམ་པའི་དེང་རབས་ཅན་གྱི་ཐོན་ལས་མ་ལག་འཛུགས་པའི་ལག་ལེན་བྱེད་ཐབས། མི་རིགས་མཐུན་སྒྲིལ་དང་སྤྱི་ཚོགས་བརྟན་འཇགས་ལ་མཐའ་གཅིག་ཏུ་སྲུང་སྐྱོང་བྱེད་པའི་འགན་འཁྲིའི་ཁག་ཁུར། ལས་བྱེད་མང་ཚོགས་ཀྱི་དབྱང་དབུགས་དཀོན་ཀྱང་སྙིང་སྟོབས་འཛོམས་ལ། དབྱང་དབུགས་དཀོན་ཀྱང་གཟི་འོད་འཕྲོ་བའི་བསམ་པའི་ཉམས་འགྱུར་བཅས་ལ་སློབ་སྦྱོང་བྱེད་རྒྱུ་ཡིན། མིག་སྔར་ཀྲེ་ཅང་ཞིང་ཆེན་གྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲེ་ཅང་དུ་རྟོག་ཞིབ་མཛད་སྐབས་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་བཞིན་པའི་སྒང་ཡིན་ལ། བརྒྱད་བརྒྱད་འཐབ་ཇུས་གཏིང་ཟབ་ནས་གཏིང་ཟབ་ཏུ་སྤེལ་བར་མུ་མཐུད་སྐུལ་འདེད་གཏོང་བཞིན་ཡོད་ཅིང་། ཐུན་མོང་ཕྱུག་འགྱུར་གྱི་དཔེ་སྟོན་ཁུལ་འཛུགས་སྐྲུན་དང་སྤུས་ཚད་མཐོན་པོས་འཕེལ་རྒྱས་གཏོང་བཞིན་ཡོད། ང་ཚོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཁ་གཏད་རོགས་སྐྱོར་དང་ཤར་ནུབ་རྒྱུད་མཉམ་ལས་གཏིང་ཟབ་བྱེད་པའི་སྐོར་གྱི་རྣམ་བཤད་གལ་ཆེན་མཐའ་གཅིག་ཏུ་ལག་བསྟར་དང་དངོས་འབེབས་བྱས་ཏེ། སྔར་ལས་རང་རྟོགས་སྒོས་མཚོ་སྔོན་ཞིང་ཆེན་མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་དུ་ཁ་གཏད་རོགས་སྐྱོར་བྱེད་པའི་ཆབ་སྲིད་ཀྱི་འགན་འཁྲི་ཁུར་ཐུབ་པར་བྱེད་པ་དང་། མཚོ་སྔོན་བར་གྱི་ཚན་རྩལ་དང་། ནུས་ཁུངས། སྨན་བཅོས། སློབ་གསོ། རིག་གནས་ཡུལ་སྐོར། འཇོན་མི་སོགས་ཁྱབ་ཁོངས་ཀྱི་སྦྲེལ་མཐུད་ལ་ཤུགས་བསྣན་ནས། ཀྲེ་ཅང་དང་མཚོ་སྔོན་བར་གྱི་བརྗེ་རེས་མཉམ་ལས་ཡང་བསྐྱར་སྐས་རིམ་གསར་པར་སླེབས་པར་སྐུལ་འདེད་གཏོང་བ་དང་། མཉམ་དུ་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་ཆེད་ཁག་ཁུར་མངོན་པར་བྱེད་ཅིང་སྟོབས་ཤུགས་འབུལ་རྒྱུ་ཡིན།

ཝུའུ་ཞའོ་ཅུན་གྱིས་མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་སྲིད་གཞུང་། ཞིང་ཆེན་ཡོངས་ཀྱི་རིགས་སོ་སོའི་མང་ཚོགས་བཅས་ཀྱི་ཚབ་བྱས་ཏེ། ཀྲེ་ཅང་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་། ཀྲེ་ཅང་མི་དམངས་བཅས་ཀྱིས་བརྩེ་བ་ཟབ་མོས་རོགས་རམ་བྱས་པར་བཀའ་དྲིན་ཆེ་ཞུས། ཁོས་བཤད་རྒྱུར། ལོ་ངོ་བཅོ་ལྔའི་རིང་ལ། ཀྲེ་ཅང་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་ཏང་ཀྲུང་དབྱང་གི་ཁ་གཏད་རོགས་སྐྱོར་དང་ཤར་ནུབ་རྒྱུད་མཉམ་ལས་སྐོར་གྱི་ཇུས་ཆོད་བཀོད་སྒྲིག་མཐའ་གཅིག་ཏུ་ལག་བསྟར་དང་དངོས་འབེབས་བྱས་ཤིང་། ཐོག་མཐའ་བར་གསུམ་དུ་མཚོ་སྔོན་གྱི་ཁ་གཏད་རོགས་སྐྱོར་བྱ་བ་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་ཞིག་ཏུ་བརྩིས་ཏེ། དོན་ལྡན་གྱིས་མ་དངུལ་བཏང་ཞིང་། བརྩེ་བ་ཟབ་མོས་རོགས་རམ་བྱས་ལ། དངོས་འཛིན་དངོས་སྒྲུབ་ཀྱིས་རོགས་སྐྱོར་བྱས་ཡོད་ལ། སྐྱེ་ཁམས་སྲུང་སྐྱོབ་དང་། ཐོན་ལས་འཕེལ་རྒྱས། མི་རིགས་མཐུན་སྒྲིལ། སློབ་གསོའི་སྤུས་འདེགས། སྨན་བཅོས་ནུས་སྐྱེད་སོགས་ཕྱོགས་སོ་སོའི་ཐད་ནས་རོགས་སྐྱོར་བྱས་པས། མཚོ་སྔོན་གྱི་བཅོས་སྒྱུར་འཕེལ་རྒྱས་བརྟན་པོར་ཡོང་བར་སྒུལ་ཤུགས་དྲག་པོ་བསྣན་ཞིང་། མཚོ་སྔོན་མི་དམངས་ཀྱི་སེམས་ཁོངས་སུ་དྲིལ་འཇལ་དང་ཡར་བསྐྱེད་ཀྱི་ས་བོན་བཏབ་ཡོད། ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཚུན་དུ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ཐེངས་གསུམ་ལ་མཚོ་སྔོན་དུ་རྟོག་ཞིབ་ལ་ཕེབས་ནས། མཚོ་སྔོན་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཐད་མདུན་སྐྱོད་ཀྱི་ཁ་ཕྱོགས་གསལ་སྟོན་མཛད་ཅིང་། རྩ་བའི་གཞི་འཛིན་ས་འདོན་སྤྲོད་གནང་ཡོད། ཀྲེ་ཅང་ཞིང་ཆེན་དེ་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་སྔོན་བསྐྱོད་པ་ཡིན་པའི་ཆ་ནས། བཅོས་སྒྱུར་འཕེལ་རྒྱས་ཁྲོད་གསར་གཏོད་ཀྱི་སྒུལ་ཤུགས་དྲག་པོ་དང་ཕུན་སུམ་ཚོགས་པའི་ལག་ལེན་གྱི་ཉམས་མྱོང་འདུས་ཡོད་པས། ང་ཚོའི་སློབ་སྦྱོང་གི་མིག་དཔེ་རུ་གྱུར་ཡོད། ད་ལོ་ནི་ལོ་ལྔའི་འཆར་འགོད་བཅུ་བཞི་པའི་འཆར་འགོད་མཇུག་བསྡུ་བའི་ལོ་དང་། ལོ་ལྔའི་འཆར་འགོད་བཅོ་ལྔ་པའི་འཆར་འགོད་ཀྱི་མགོ་རྩོམ་པའི་ལོ་ཡིན་པས། ཀྲེ་ཅང་དང་མཚོ་སྔོན་གྱི་ཁ་གཏད་མཉམ་ལས་ལས་དོན་ཆེས་ལེགས་པའི་འཕེལ་རྒྱས་ཀྱི་དུས་སྐབས་སུ་ཞུགས་ཡོད། ང་ཚོས་ལྷག་བསམ་རྣམ་དག་སྒོས་ཀྲེ་ཅང་བར་གྱི་ཁ་གཏད་རོགས་སྐྱོར་བྱ་བ་གཏིང་ཟབ་ཏུ་གཏོང་བ་དང་། དགེ་མཚན་གསབ་རེས་ལ་སྐུལ་འདེད་གཏོང་བའི་ཐད་ནས་བར་སྟོང་གསར་བ་འབྱེད་རྒྱུ་དང་། སྤུས་གསར་ཐོན་སྐྱེད་ནུས་ཤུགས་འཕེལ་རྒྱས་དང་གསོ་སྐྱོང་བྱེད་པ། དམངས་ཚིས་འགན་སྲུང་དང་མི་རིགས་སོ་སོའི་བར་གྱི་འགྲོ་འོང་དང་བརྗེ་རེས། མཉམ་འདྲེས་བཅས་ལ་སྐུལ་འདེད་གཏོང་བ། ལས་བྱེད་པ་གསོ་སྦྱོང་དང་འཇོན་མི་ནང་འདྲེན་གྱི་ནུས་ཚད་བཅས་སྔར་ལས་ཆེ་རུ་བཏང་སྟེ། ཀྲེ་ཅང་དང་མཚོ་སྔོན་གྱི་མཉམ་ལས་ལས་དོན་སྐས་རིམ་གསར་པར་སླེབས་ནས་གྲུབ་འབྲས་གསར་བ་ལོན་པར་སྐུལ་འདེད་གཏོང་རྒྱུའི་རེ་བ་བཅངས་ཡོད།

ཀྲེ་ཅང་དུ་ཡོད་པའི་སྐབས་སུ། རང་ཞིང་གི་ཏང་སྲིད་འཐུས་ཚབ་ཚོགས་པས་ལྔ་བཞིའི་རྩ་ཁྲིམས་ཀྱི་ལོ་རྒྱུས་རྒྱུ་ཆ་རྟེན་མཛོད་ཁང་དང་། ཞིན་ཧྭ་སྡེ་ཚོགས་གསུམ་པ། ཀྲིན་ཐའེ་སྡེ་ཚོགས་མ་རྐང་ཚད་ཡོད་ཀུང་སི། ཨ་ལིས་པ་པ་ཧཱང་ཀྲོའུ་འཛམ་གླིང་སྤྱི་ཁྱབ་ཁང་། ཀྲི་ཅང་ཚོད་ལྟ་ཁང་སོགས་སུ་རྟོག་ཞིབ་བྱས།

ཀྲེ་ཅང་ཞིང་ཆེན་གྱི་སྲིད་གྲོས་ཀྲུའུ་ཞི་ལེན་དབྱི་མིན་དང་། ཀྲེ་ཅང་ཞིང་ཆེན་གྱི་མགོ་ཁྲིད་ལིའུ་ཧྥེ་དང་། ལུའུ་ཧྲན། མཚོ་སྔོན་ཞིང་ཆེན་གྱི་མགོ་ཁྲིད་ཝང་ཝེ་ཏུང་དང་། ཀྲང་ཅིན་ཀང་། ཝུའུ་ལ་ཙི་པེ་ཁི་རི་སུའུ་ལིས་ཧན། ལོའུ་ཀང་བཅས་འབྲེལ་ཡོད་བྱེད་སྒོར་ཞུགས།

རིག་འཛིན་སྒྲོལ་མས་བསྒྱུར།