ཟླ5པའི་ཚེས1ཉིན། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ལའོ་ཏུང་ཁྲོན་ཞིང་ཆེན་རིག་གནས་དང་ཡུལ་སྐོར་ཐིན་དང་། ཞིང་ཆེན་འཕྲལ་སྒྲུབ་དོ་དམ་ཐིན་དུ་སོང་ནས་ཞིང་ཆེན་ཡོངས་ཀྱི“ལྔ་གཅིག”གུང་གསེང་བདེ་འཇགས་འགོག་ཟོན་བྱ་བར་རྟོག་ཞིབ་དང་བཀོད་སྒྲིག་བྱས་པ་དང་། ལས་རེས་མི་སྣར་དུས་ཆེན་གྱི་འཚམས་འདྲི་བྱས། ཁོས་ནན་གྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱེད་པ་དང་། ཏང་ཀྲུང་དབྱང་གི་འཐབ་ཇུས་བཀོད་སྒྲིག་དང་ཞིང་ཆེན་ཏང་ཨུའི་བྱ་བའི་བླང་བྱ་མཐའ་གཅིག་ཏུ་དངོས་འབེབ་བྱས་ཏེ། ཚད་གཞི་སྔར་ལས་མཐོ་བ་དང་བླང་བྱ་སྔར་ལས་གཟབ་ནན་གྱིས་བདེ་འཇགས་དང་འགོག་ཟོན་གྱི་བྱེད་ཐབས་སྣ་ཚོགས་དོན་འཁྱོལ་ནན་མོ་བྱེད་པ་དང་། མི་དམངས་མང་ཚོགས་ཀྱིས་བདེ་འཇགས་ངང་དུས་ཆེན་རོལ་བ་དང་སྤྱི་ཚོགས་ཀྱི་ཁྱོན་ཡོངས་བརྟན་བརླིང་ལ་ཁག་ཐེག་བྱེད་དགོས།
མཚོ་སྔོན་རིག་གནས་ཡུལ་སྐོར་བཀོད་འདོམས་ལྟེ་གནས་སུ། ལའོ་ཏུང་ཁྲོན་གྱིས་མཚོ་སྔོན་རིག་གནས་ཡུལ་སྐོར་བཀོད་འདོམས་ལྟེ་གནས་ཀྱི་གཞི་གྲངས་སྟེགས་བུའི་འཁོར་སྐྱོད་གནས་ཚུལ་གྱི་སྙན་ཞུར་ཉན་པ་དང་། བརྙན་ལམ་བཀོད་འདོམས་བརྒྱུད་དེ་གཙོ་གནད་མཛེས་ལྗོངས་ཁུལ་གྱི་གཉེར་སྐྱོང་བྱ་བར་རྟོག་ཞིབ་བྱས། ཁོས་བསྟན་དོན། རྒྱལ་སྤྱིའི་སྐྱེ་ཁམས་ཡུལ་སྐོར་དམིགས་ས་བསྐྲུན་རྒྱུ་དེ་དམིགས་འབེན་གྱི་ཁྲིད་སྟོན་དུ་འཛིན་པ་རྒྱུན་འཁྱོངས་བྱས་ཏེ། རིག་གནས་ཡུལ་སྐོར་མཉམ་འདྲེས་ཀྱི་བྱ་བ་ཆེན་པོ་དངོས་གནས་ལེགས་པར་བསྒྲུབ་དགོས། ཡུལ་སྐོར་འཛད་སྤྱོད་ཀྱི་རྣམ་པ་གསར་པ་དང་ཉམས་ལེན་གསར་པ་མུ་མཐུད་དུ་རྒྱ་ཆེར་གཏོང་བ་དང་། མཛེས་ལྗོངས་ཁུལ་གྱི་ཞབས་ཞུའི་འགན་སྲུང་གི་རྒྱུ་སྤུས་ནུས་ལྡན་ངང་མཐོ་རུ་གཏོང་བ། “དོ་དམ་གསུམ་དང་ངེས་པར་གསུམ”གྱི་བླང་བྱ་གཟབ་ནན་སྒོས་ལག་བསྟར་བྱེད་པ། རིག་གནས་ཡུལ་སྐོར་མངའ་ཁོངས་ཀྱི་བདེ་འཇགས་འགོག་སྲུང་འཛིང་རགས་བརྟན་པོ་བསྐྲུན་ནས། ཡུལ་སྐོར་བ་སྤྲོ་སྣང་དང་བསྟུན་ནས་ཡོང་བ་དང་བློ་ཡིད་ཚིམ་པའི་སྒོ་ནས་ཕྱིར་ལོག་ཐུབ་པར་བྱས་ཏེ། “རི་ཆུའི་འབྱུང་ཁུངས་མཛེས་སྡུག་གི་མཚོ་སྔོན”གྱི་ཟོང་རྟགས་རྒྱུན་ཆད་མེད་པར་ཇེ་བཟང་དུ་གཏོང་དགོས།
ཞིང་ཆེན་འཕྲལ་སྒྲུབ་དོ་དམ་ཐིན་དུ་སོང་ནས། ལའོ་ཏུང་ཁྲོན་གྱིས་ཡུལ་དངོས་སུ་གུང་གསེང་སྐབས་ཀྱི་འཕྲལ་སྒྲུབ་ལས་རེས་ཀྱི་གནས་ཚུལ་རྒྱུས་ལོན་བྱས་པ་དང་། གཙོ་གནད་ལས་ཁུངས་སྐོར་ཞིག་དང་ཁེ་ལས་བདེ་འཇགས་འགོག་ཟོན་བྱ་བར་བརྙན་ལམ་ནས་བཀོད་གཏོང་བྱས། ཁོས་ནན་གྱིས་བསྟན་དོན། གཅིག་གྱུར་བཀོད་འདོམས་དང་ཆེད་རྒྱུན་གཉིས་ལྡན། ཚོར་སྣང་སྐྱེན་པ། གོང་འོག་མཉམ་འགུལ་བཅས་ཀྱི་འཕྲལ་སྒྲུབ་དོ་དམ་སྒྲིག་གཞིའི་ལེགས་ཆ་འདོན་སྤེལ་ཡག་པོ་བྱས་ཏེ། འཕྲལ་སྒྲུབ་ལས་རེས་ལ་ཕྱོགས་ཡོངས་ནས་ཤུགས་སྣོན་པ་དང་འཕྲལ་སྒྲུབ་གནས་ཚུལ་རྒྱུན་སྲུང་རྒྱུན་འཁྱོངས་བྱེད་པ། ནུས་ཤུགས་ཡོད་རྒུས་འཕྲལ་སྒྲུབ་སྦྱོང་བརྡར་ལ་ཤུགས་བསྣན་ནས་འཕྲལ་སྒྲུབ་ཐག་གཅོད་ནུས་པ་རྒྱུན་ཆད་མེད་པར་ཆེ་རུ་གཏོང་བ་དང་། གློ་བུར་གྱི་གནས་ཚུལ་བྱུང་ན་ཐོག་མའི་དུས་ཚོད་ནང་ཐག་གཅོད་འོས་འཚམ་བྱས་ཏེ། བདེ་འཇགས་ཀྱི་དོན་རྐྱེན་སྣ་ཚོགས་འབྱུང་བར་མཐའ་གཅིག་ཏུ་བཀག་འགོག་བྱེད་དགོས།
འཚོགས་མ་ཐག་པའི་ཞིང་ཆེན་ཡོངས་ཀྱི“ལྔ་གཅིག”གུང་གསེང་བདེ་འཇགས་འགོག་ཟོན་བྱ་བའི་བརྙན་ལམ་བཀོད་གཏོང་ཚོགས་འདུའི་སྟེང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་དང་རྒྱལ་ཡོངས་བདེ་འཇགས་ཨུ་ཡོན་ལྷན་ཁང་གི་བརྙན་འཕྲིན་གྲོས་ཚོགས་ཀྱི་དགོངས་དོན། དེ་མིན་ཞིང་ཆེན་ཏང་ཨུའི་བྱ་བའི་བླང་བྱ་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ་མ་ཟད་འབྲེལ་ཡོད་ས་ཁུལ་དང་སྡེ་ཁག་གི་འགན་འཁུར་བས་གཏམ་བཤད། ལའོ་ཏུང་ཁྲོན་གྱིས་ནན་གྱིས་བསྟན་དོན། བདེ་འཇགས་ཐོན་སྐྱེད་བྱ་བར་དམ་འཛིན་བྱེད་པའི་ཆབ་སྲིད་ཀྱི་འགན་འཁྲི་ཁུར་སེམས་ལ་དངོས་གནས་ཤུགས་སྣོན་པ་དང་། མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་རྒྱུན་འཁྱོངས་བྱས་ཏེ། ཐོག་མཐའ་བར་གསུམ་དུ་ཚད་མཐོའི་དོགས་ཟོན་ནན་མོ་བྱེད་པ་དང་། “ལྔ་གཅིག” གུང་གསེང་གི་བདེ་འཇགས་དང་འགོག་ཟོན་བྱ་བར་སྔར་ལས་བཀོད་སྒྲིག་བྱས་ཏེ། “ཕྱོགས་གཅིག་གི་བདེ་འཇགས་འགན་སྲུང་དང་ཕྱོགས་གཅིག་གི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི”འགན་འཁྲི་མཐའ་གཅིག་ཏུ་འཁུར་པ་དང་། དོན་དངོས་བྱ་སྤྱོད་ལ་བརྟེན་ནས “གཏན་ཕབ་གཉིས”ལ་བརྩི་སྲུང་ནན་མོ་བྱེད་པ་དང “སྲུང་སྐྱོང་གཉིས”མཐའ་གཅིག་ཏུ་སྒྲུབ་དགོས། ཉམས་མྱོང་དང་བསླབ་བྱ་གཏིང་ཟབ་བསྡུ་ལེན་བྱས་ཏེ་བྱེད་ཐབས་སྣ་ཚོགས་དོན་འཁྱོལ་ཞིབ་ཕྲ་བྱེད་པ་དང་། མེ་ཟོན་དང་རིག་གནས་ཡུལ་སྐོར། མཁར་གྲོང་གི་འབར་རླངས། བགྲོད་ལམ་འགྲིམ་འགྲུལ། ཨར་ལས་བཟོ་སྐྲུན། གཏེར་རི། ཉེན་ཁའི་རྫས་འགྱུར་དངོས་རྫས། གནོད་འགོག་གནོད་སྐྱོབ་རྒུད་སྐྱོབ་སོགས་གནད་འགག་རིམ་པ་དང་འགག་རྩའི་གནས་ལ་བརྟེན་ནས། འབུར་ཐོན་གནད་དོན་གྱི་མངོན་མེད་རྐྱེན་ངན་ཞིབ་བཤེར་དང་བཅོས་སྒྲིག་ནན་མོ་བྱས་ཏེ། ཉེན་ཁ་དང་མངོན་མེད་རྐྱེན་ངན་སྣ་ཚོགས་འབྱུང་ཁུངས་ནས་སེལ་བར་བྱེད་པ་དང་། བདེ་འཇགས་དང་ཐོན་སྐྱེད་དམར་ཐིག་གི་ཚད་མཐའ་མཐའ་གཅིག་ཏུ་བརྟན་སྲུང་བྱ་དགོས། “ཕྱོགས་བཞིའི་འགན་འཁྲི”དམ་ཟབ་དང་སྲ་བརྟན་དུ་གཏོང་བ་དང་། ཆ་འཕྲིན་འབྲེལ་མཐུད་དང་ཉེན་ཁ་མཉམ་འབྲེལ་ཚོད་འཛིན། གནད་དོན་མཉམ་འབྲེལ་བཅོས་སྐྱོང་བཅས་བྱེད་ཤུགས་ཆེ་རུ་བཏང་ནས། སློབ་གསོ་དྲིལ་བསྒྲགས་དང་སྣེ་ཁྲིད་ལ་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་བ། བདེ་འཇགས་དང་ཐོན་སྐྱེད་བྱ་བའི་འགྲིལ་ཤུགས་ཆགས་རྒྱུར་སྐུལ་འདེད་གཏོང་བ། “བཟོད་སྒོམ་གཏན་ནས་མི་བྱེད་པའི”རྣམ་འགྱུར་ཐོག་ནས་དོན་རྐྱེན་གལ་ཆེན་འབྱུང་བར་བཀག་འགོག་བྱས་ཏེ། མངའ་ཁོངས་སྲུང་བར་འགན་འཁྲི་ཡོད་པ་དང་མངའ་ཁོངས་སྲུང་བའི་འགན་འཁྲི་འཁུར་དགོས་པ། མངའ་ཁོངས་སྲུང་བའི་འགན་འཁྲི་གཙང་སྒྲུབ་ཏན་ཏིག་བྱ་དགོས།
ལིའུ་ཁྲའོ་དང་ཁྲིན་ཅི་ཝེ་འབྲེལ་ཡོད་བྱེད་སྒོར་ཞུགས།
ཤ་བོ་རིན་མཚོས་བསྒྱུར།