རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཆང་གིས་ཉིན་འགའི་སྔོན་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བཀའ་རྒྱུར་མཚན་རྟགས་བཀོད་པ་དང་། བཟོ་བཅོས་བྱས་རྗེས་ཀྱི《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩི་ཤིང་གི་སོན་རིགས་གསར་པའི་སྲུང་སྐྱོབ་སྲོལ་ཡིག》ཁྱབ་བསྒྲགས་གནང་། 《སྲོལ་ཡིག》དེ2025ལོའི་ཟླ6པའི་ཚེས1ཉིན་ནས་བཟུང་ལག་བསྟར་བྱ་རྒྱུ་ཡིན་ལ། སྲོལ་ཡིག་ཆ་ཚང་ལ་བསྡོམས་པས་ལེའུ8དང་དོན་ཚན49ཡོད་པ་དང་། བཟོ་བཅོས་གཏན་འཁེལ་གྱི་ནང་དོན་གཙོ་བོ་གཤམ་གསལ་ལྟར།
གཅིག་ནི་སྤྱི་ཡོངས་ཀྱི་བླང་བྱའི་རེ་བ་གསལ་པོ་བཟོས་པ། རྩི་ཤིང་གི་སོན་རིགས་གསར་པའི་སྲུང་སྐྱོབ་བྱ་བས་ངེས་པར་དུ་ཀྲུང་གོ་གུང་ཁྲན་ཏང་གི་མགོ་ཁྲིད་རྒྱུན་འཁྱོངས་དང་། ཏང་དང་རྒྱལ་ཁབ་ཀྱི་ཤེས་བྱའི་ཐོན་དབང་འཐབ་ཇུས་བཀོད་སྒྲིག་ལག་བསྟར་བྱས་ཏེ། འདེབས་གསོའི་གསར་གཏོད་ལ་སྐུལ་འདེད་གཏོང་བ་དང་། འདེབས་འཛུགས་ལས་རིགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་བཅས་བྱེད་དགོས།
གཉིས་ནི་སྲུང་སྐྱོབ་ཆུ་ཚད་མཐོར་འདེགས་སུ་གཏོང་བ། སྲུང་སྐྱོབ་ཀྱི་ཁྱབ་ཁོངས་དེ་དབང་ཆ་སྤྲད་པའི་རིགས་རྒྱུད་ཀྱི་སྐྱེ་འཕེལ་རྒྱུ་ཆ་ནས་བསྡུ་ལེན་གྱི་རྒྱུ་ཆ་བར་སྣུར་སྲིང་བྱེད་པ་དང་། སྲུང་སྐྱོབ་ཀྱི་རིམ་པ་དེ་ཐོན་སྐྱེད་དང་སྐྱེ་འཕེལ། ཕྱིར་འཚོང་བཅས་ནས་སྐྱེ་འཕེལ་གྱི་ཆེད་དུ་ཐག་གཅོད་དང་བྲིན་ཚོང་ཁས་ལེན། ནང་འདྲེན། ཕྱིར་བསྐྱོད། གསོག་ཉར་བཅས་ཀྱི་བར་རྒྱ་སྐྱེད་གཏོང་བ། ས་བོན་དབང་ཆའི་ནུས་པ་དེ་དབང་ཆ་སྤྲད་པའི་ས་བོན་ཀྱི་ངོ་བོའི་རང་བཞིན་གྱི་ས་བོན་དང་། དབང་ཆ་སྤྲད་པའི་ས་བོན་དང་བསྡུར་ན་ཁྱད་པར་མངོན་གསལ་མེད་པའི་སོན་རིགས། ཚོང་ལས་ཀྱི་དམིགས་ཡུལ་ལ་བརྟེན་ནས་ཡང་བསྐྱར་བཀོལ་སྤྱོད་ཀྱི་དབང་ཆ་སྤྲད་པའི་ས་བོན་ཐོན་སྐྱེད་སམ་ཡང་ན་སྐྱེ་འཕེལ་བྱེད་པའི་ས་བོན་གཞན་ཞིག་གི་བར་སྣུར་སྲིང་བྱེད་དགོས། རྒྱལ་ཁབ་ཀྱིས་རིམ་པ་དབྱེ་ནས་ངོ་བོའི་རང་བཞིན་གྱི་ས་བོན་ཀྱི་ལམ་ལུགས་ལག་བསྟར་བྱེད་པ་གསལ་བོ་བཟོས་ཡོད། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཞིང་ལས་ཞིང་སྡེ་དང་ནགས་ལས་རྩྭ་ཐང་གཙོ་གཉེར་སྡེ་ཁག་གིས་དཀར་ཆག་གི་རྣམ་པའི་ཐོག་ནས་ལག་བསྟར་ཁྱབ་ཁོངས་ཞིབ་ཕྲ་གཏན་འཁེལ་བྱས་ཏེ། རྒྱལ་སྲིད་སྤྱི་ཁྱབ་ཁང་ལ་སྤྲད་ནས་ཆོག་མཆན་ཐོབ་རྗེས་ཁྱབ་བསྒྲགས་ལག་བསྟར་བྱས་ཆོག ཤིང་རིགས་དང་སྦ་རིགས་རྩི་ཤིང་གི་སོན་རིགས་དབང་ཆ་སྲུང་སྐྱོབ་བྱེད་པའི་དུས་ཡུན་ལོ20ནས་ལོ25བར་ཇེ་རིང་དུ་གཏོང་རྒྱུ་ཡིན་པ་དང་། རྩི་ཤིང་གཞན་དག་ལོ15ནས་ལོ20བར་ཇེ་རིང་དུ་གཏོང་རྒྱུ་རེད།
གསུམ་ནི་སོན་རིགས་ཀྱི་དབང་ཆ་སྤྲོད་པའི་ཆ་རྐྱེན་ལ་གཟབ་ནན་བྱེད་དགོས། བཅའ་ཁྲིམས་ལ་རྒྱབ་འགལ་བྱས་པ་གཏན་འཁེལ་བྱས་ཏེ། སྤྱི་ཚོགས་ལ་གནོད་པའི་སྤྱི་པའི་ཁེ་ཕན་དང་སྐྱེ་ཁམས་ཁོར་ཡུག་གི་རྩི་ཤིང་གི་སོན་རིགས་གསར་པའི་ས་བོན་གསར་པར་དབང་ཆ་སྟེར་གྱིན་མེད། ཕྱིར་འཚོང་དང་ཁྱབ་གདལ་གྱི་བྱ་སྤྱོད་དཔེ་གསར་རང་བཞིན་ཉམས་པ་ཕུད། ཞིང་ཆེན་རིམ་པའི་མི་དམངས་སྲིད་གཞུང་ཞིང་ལས་ཞིང་སྡེ་དང་ནགས་ལས་རྩྭ་ཐང་གཙོ་གཉེར་སྡེ་ཁག་གིས་སོན་འདེབས་རྒྱ་ཁྱོན་གཞིར་བཟུང་ནས་དོན་དངོས་ཁྱབ་མཆེད་བྱས་ཡོད་པ་དང་། དེ་མིན་ཞིང་ལས་ལོ་ཏོག་གི་ས་བོན་ཞིབ་བཤེར་གཏན་འཁེལ་བྱས་ཟིན་པའམ་ཐོ་འགོད་བྱས་ནས་ལོ་གཉིས་ཡན་འགོར་རུང་རྩི་ཤིང་གི་སོན་རིགས་གསར་པའི་བདག་དབང་སྙན་ཞུ་བྱས་མེད་པའི་རིགས་ལ་དཔེ་གསར་རང་བཞིན་ཉམས་པར་བརྩི་རྒྱུ་གསལ་བོ་བཟོས་ཡོད།
བཞི་ནི་ས་བོན་དབང་ཆའི་རེ་ཞུ་དང་དབང་ཆ་སྤྲོད་པའི་གོ་རིམ་འཐུས་ཚང་དུ་གཏོང་དགོས། ས་བོན་དབང་ཆའི་ཐོག་མའི་ཞིབ་བཤེར་གྱི་དུས་ཡུན་ཟླ་བ་དྲུག་ནས་ཟླ་བ་གསུམ་དུ་བཟོ་བཅོས་བྱས་ཡོད་པ་དང་། གནས་ཚུལ་ཪྙོག་འཛིང་ཆེ་ན་ཟླ་བ་གསུམ་ཇེ་རིང་དུ་བཏང་ཆོག དོ་བདག་པའི་འགོག་ཐབས་མེད་པའི་ནུས་པའམ་རྒྱུ་མཚན་གཞན་དག་གིས་སྲོལ་ཡིག་གི་གཏན་འབེབ་ལ་འགོར་འགྱངས་བྱེད་པའམ་ཡང་ན་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཞིང་ལས་ཞིང་སྡེ་དང་ནགས་ལས་རྩྭ་ཐང་གིས་གཏན་འཁེལ་བྱས་པའི་དུས་ཡུན་ལ་བརྒལ་ནས་དབང་ཆ་ཤོར་ཚེ། གཙོ་གཉེར་སྡེ་ཁག་ལ་རྒྱུ་མཚན་གསལ་བཤད་བྱས་ཏེ་དབང་ཆ་སླར་གསོ་བྱེད་པར་རེ་ཞུ་བྱས་ཆོག རྒྱལ་ཁོངས་ཕྱི་ལ་སོན་རིགས་དབང་ཆ་རེ་ཞུ་བྱེད་པའི་ཐོ་འགོད་སྡེ་ཁག་དེ་ཞིང་ཆེན་རིམ་པའི་མི་དམངས་སྲིད་གཞུང་ཞིང་ལས་ཞིང་སྡེ་དང་ནགས་ལས་རྩྭ་ཐང་གཙོ་གཉེར་སྡེ་ཁག་ནས་རྒྱལ་སྲིད་སྤྱི་ཁྱབ་ཁང་ཞིང་ལས་ཞིང་སྡེ་དང་ནགས་ལས་རྩྭ་ཐང་གཙོ་གཉེར་སྡེ་ཁག་ཏུ་ལེགས་སྒྲིག་བྱ་རྒྱུ་མ་ཟད། རྒྱལ་ཁོངས་ཕྱི་ལ་སྐྱེ་འཕེལ་རྒྱུ་ཆ་མཁོ་འདོན་བྱེད་པའི《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ས་བོན་བཅའ་ཁྲིམས》དང་རྒྱལ་ཁོངས་ཕྱི་ཡི་ས་བོན་སྤུས་ཚད་འདོན་སྤྲོད་བྱེད་པའི་སྐོར་གྱི་ཐོན་ཁུངས་ལ་ངེས་པར་དུ་བརྩི་སྲུང་བྱ་དགོས།
ཤ་བོ་རིན་མཚོས་བསྒྱུར།