ཞི་ཅིན་ཕིང་གིས་ཞེ་དབྱི་ཐི་སློབ་ཆུང་མཐའ་སྲུང་སློབ་གསོ་རོགས་སྐྱོར་ནུབ་རྒྱུད་འཆར་གཞིའི་དང་བླངས་ཞབས་ཞུའི་རུ་ཁག་གི་རུ་མི་ཚོར་འཕྲིན་ལན་སྤྲིངས།
2025.05.04 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 0

ལྔ་བཞིའི་ན་གཞོན་དུས་ཆེན་སླེབས་པའི་སྐབས་སུ། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམངས་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཞིན་ཅང་ཁི་ཙི་ལི་སུའུ་ཁི་ཨར་ཁི་ཙི་རང་སྐྱོང་ཁུལ་ཨ་ཐུའུ་ཧྲི་གྲོང་ཁྱེར་ཧཱ་ལཱ་ཅུན་ཡུལ་ཚོ་ཞེ་དབྱི་ཐི་སློབ་ཆུང་མཐའ་སྲུང་སློབ་གསོ་རོགས་སྐྱོར་ནུབ་རྒྱུད་འཆར་གཞིའི་དང་བླངས་ཞབས་ཞུའི་རུ་ཁག་གི་རུ་མི་ཡོངས་ལ་འཕྲིན་ལན་སྤྲིངས་ནས་རྒྱལ་ཡོངས་ཀྱི་རྒྱ་ཆེའི་ན་གཞོན་ཚོར་དུས་ཆེན་ལ་རྟེན་འབྲེལ་ཞུས་པ་མ་ཟད་རེ་བ་ཆེན་པོ་བཏོན།

ཞི་ཅིན་ཕིང་གིས་འཕྲིན་ལན་ནང་གསུང་རྒྱུར། ཁྱོད་ཚོས་ཏང་གི་འབོད་སྐུལ་དང་ལེན་བྱས་ནས་ནུབ་རྒྱུད་མཐའ་མཚམས་ཀྱི་ས་ཁུལ་དུ་སློབ་ཁྲིད་མི་སྐྱོང་བྱས་ཏེ།    ས་གནས་དེ་གའི་སློབ་གསོའི་བྱ་གཞག་འཕེལ་རྒྱས་ལ་སྐུལ་འདེད་བཏང་བ་དང་། མི་རིགས་མཐུན་སྒྲིལ་ཡར་ཐོན་ལ་སྐུལ་འདེད་གཏོང་བ།    མཐའ་མཚམས་དར་རྒྱས་དམངས་ཕྱུག་དང་མཐའ་མཚམས་བརྟན་བརླིང་སྲ་བརྟན་དུ་གཏོང་བར་སྐུལ་འདེད་གཏོང་བའི་ཁྲོད་དགེ་མཚན་ལྡན་པའི་ནུས་པ་འདོན་སྤེལ་བྱས་ཡོད་ལ།    རང་ཉིད་ལ་ཡང་ཉམས་མྱོང་དང་འཚར་ལོངས་བྱུང་ཡོད།

ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། ལོ་འདི་དག་གི་རིང་ལ། ན་གཞོན་སྔར་ལས་མང་པོ་ཞིག་ནུབ་རྒྱུད་དང་།    གྲོང་གསེབ། གཞི་རིམ་བཅས་སུ་བསྐྱོད་དེ་དང་བླངས་ཞབས་ཞུ་བྱེད་བཞིན་ཡོད་ལ། སྒེར་སེམས་མེད་པར་ཡོད་ཚད་ཕུལ་བས་དུས་རབས་གསར་པའི་ཀྲུང་གོའི་ན་གཞོན་རྣམས་ཀྱི་བློ་སྟོབས་ཆེན་པོས་ཡར་རྒྱས་ཀྱི་བསམ་པའི་རྣམ་པ་དང་རྒྱལ་ཁབ་སྟོབས་ལྡན་འཛུགས་སྐྲུན་བྱེད་པར་ང་ཡིས་འགན་འཁྲི་ཕྲག་ཏུ་ལེན་པའི་བསམ་ཚུལ་མངོན་ཡོད།     རྒྱ་ཆེའི་ན་གཞོན་རྣམས་ཀྱིས་བློ་བརྟན་འགྱུར་མེད་ངང་ཕུགས་འདུན་དད་སེམས་སེམས་སུ་བཅངས་པ་དང་ཁྱིམ་ཚང་དང་རྒྱལ་ཁབ་ཀྱི་བརྩེ་སེམས་ཟབ་མོ་དང་། འཇོན་ནུས་ཆེན་པོ་སྦྱངས་ནས་ནུས་ཤུགས་ཡོད་རྒུས་འབད་འཐབ་ཀྱི་སྙིང་སྟོབས་དར་སྤེལ་གཏོང་བ་དང་། མེས་རྒྱལ་དང་མི་དམངས་ལ་དགོས་མཁོ་ཆེ་བའི་ས་ཆར་བསྐྱོད་ནས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་འཛུགས་སྐྲུན་བྱེད་པར་ལང་ཚོའི་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་རྒྱུའི་རེ་བ་ཡོད།

ཞེ་དབྱི་ཐི་སློབ་ཆུང་ནི་མཐའ་མཚམས་དང་བར་ཐག་སྤྱི་ལེ47ཡོད་པ་དང་། གཙོ་བོ་ཁི་ཨར་ཁི་ཙི་རིགས་ཀྱི་སློབ་མའི་གྲུབ་པའི་སྡེ་བ་རིམ་པའི་སློབ་ཆུང་ཞིག་ཡིན་པ་དང་། 2022ལོའི་ཟླ8པར་ཁི་ཀྲིག་གི་ནུབ་རྒྱུད་འཆར་གཞིའི་དང་བླངས་པ་ཐོག་མའི་སློབ་གསོ་རོགས་སྐྱོར་གྱི་ཚོད་ལྟའི་སློབ་གྲྭར་གྱུར་ཡོད། ཉེ་ལམ། ཞེ་དབྱི་ཐི་སློབ་ཆུང་གི་མཐའ་སྲུང་སློབ་གསོའི་རོགས་སྐྱོར་ནུབ་རྒྱུད་འཆར་གཞིའི་དང་བླངས་ཞབས་ཞུ་རུ་ཁག་གི་རུ་མི་ཚོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ལ་འཕྲིན་ཡིག་བྲིས་ནས། མཐའ་སྲུང་སློབ་གསོའི་རོགས་སྐྱོར་གནས་ཚུལ་དང་མྱོང་ཚོར་སྙན་ཞུ་བྱས་པ་དང་། ནུབ་རྒྱུད་དུ་རྩ་བ་ཚུགས་ནས་མཐའ་མཚམས་ལ་ཞབས་འདེགས་ཞུ་རྒྱུའི་ཆོད་སེམས་མཚོན་པར་བྱས།

ཤ་བོ་རིན་མཚོས་བསྒྱུར།