ཞི་ཅིན་ཕིང་གིས་ཀུའེ་ཀྲོའུ་པིས་ཅེ་གྲོང་ཁྱེར་ཆན་ཞིས་གྲོང་ཁྱེར་གྱི་ཡུལ་སྐོར་གྲུ་གཟིངས་ཀྱི་དོན་རྐྱེན་ཐད་མཛུབ་སྟོན་གལ་ཆེན་གནང་།
2025.05.05 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 0

ཟླ5ཚེས4ཉིན་གྱི་ཆུ་ཚོད16དང་སྐར40ཙམ་ལ།   ཀུའེ་ཀྲོའུ་པིས་ཅེ་གྲོང་ཁྱེར་ཆན་ཞིས་གྲོང་ཁྱེར་ཞིན་རན་ཡུལ་ཚོ་ཧྭ་ཝུའུ་སྡེ་བའི་པེ་ལི་ཧྭ་ལིང་མཛེས་ལྗོངས་ཁུལ་དུ་ཡུལ་སྐོར་གྲུ་གཟིངས་ཀྱི་དོན་རྐྱེན་བྱུང་། མིག་སྔའི་བར་དུ། དོན་རྐྱེན་ལས་མི3རྐྱེན་ལམ་དུ་ཤོར་བ་དང་མི60སྨན་ཁང་དུ་སྐྱེལ་ནས་སྨན་བཅོས་བྱེད་བཞིན་ཡོད་པ་མ་ཟད། གཞན་ཡང་མི14འཚོལ་སྐྱོབ་བྱེད་བཞིན་པའི་སྒང་རེད།

དོན་རྐྱེན་བྱུང་རྗེས། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཚད་མཐོའི་མཐོང་ཆེན་གནང་པ་མ་ཟད་མཆན་བཀོད་མཛུབ་སྟོན་གལ་ཆེན་གནང་། ཀུའེ་ཀྲོའུ་པིས་ཅེ་གྲོང་ཁྱེར་ཆན་ཞིས་གྲོང་ཁྱེར་གྱི་མཛེས་ལྗོངས་ཁུལ་ཞིག་ཏུ་ཡུལ་སྐོར་གྲུ་གཟིངས་ཀྱི་དོན་རྐྱེན་བྱུང་བས། ཐབས་བརྒྱ་ཇུས་སྟོང་གིས་ཆུའི་ནང་ལྷུང་བའི་མི་སྣ་འཚོལ་སྐྱོབ་དང་ནུས་ཤུགས་ཡོད་རྒུས་རྨས་སྐྱོན་ཕོག་པའི་མི་སྣ་སྐྱོབ་བཅོས་བྱེད་པ། རྐྱེན་ལམ་དུ་ཤོར་བའི་མི་སྣའི་འདས་མཆོད་དང་ཁྱིམ་མིར་སེམས་གསོ་སོགས་ཀྱི་བྱ་བ་ཡག་པོར་སྒྲུབ་དགོས།

ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། ཉེ་ལམ། ས་གནས་ཁ་ཤས་སུ་བསྟུད་མར་བདེ་འཇགས་དོན་རྐྱེན་བྱུང་ནས་མང་ཚོགས་ཤི་བ་དང་རྨས་སྐྱོན་ཕོག་བཞིན་ཡོད་པས།    ས་ཁུལ་སོ་སོ་དང་འབྲེལ་ཡོད་སྡེ་ཁག་སོ་སོས་བསླབ་བྱ་ཟབ་མོ་དང་ལེན་བྱས་ཏེ།    སྦྲིད་འཐོམ་བསམ་བློ་མཐའ་གཅིག་ཏུ་ཁྱད་བསད་བྱས་ནས།    ཕྱོགས་སོ་སོའི་འགན་འཁྲི་དམ་འཛིན་བྱེད་པ་དང་། ཡུལ་སྐོར་ལྗོངས་ཁུལ་ཆེ་གྲས་དང་མི་མང་འདུ་འཛོམས་བྱ་ཡུལ་ཆེ་གྲས། སྡོད་དམངས་ཀྱི་སྡེ་ཁུལ།  འགྲིམ་འགྲུལ་སོགས་སྔར་ལས་དམ་འཛིན་བྱས་ཏེ།    བདེ་འཇགས་ཀྱི་བྱེད་ཐབས་ཇེ་དྲག་ཏུ་གཏོང་བ་དང་བྱ་བ་དངོས་འབེབ་དམ་འཛིན་བྱས་ནས། བདེ་འཇགས་དོན་རྐྱེན་ཆེ་གྲས་འབྱུང་བར་མཐའ་གཅིག་ཏུ་སྔོན་འགོག་བྱ་དགོས།

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཆང་གིས་མཆན་བཀོད་མཛུབ་སྟོན་གནང་པ་དང་། ནུས་ཤུགས་ཡོད་རྒུས་འབྲེལ་ཐག་ཆད་པའི་མི་སྣ་འཚོལ་སྐྱོབ་དང་། རྨས་སྐྱོན་ཕོག་པའི་མི་སྣ་སྐྱོབ་བཅོས་བྱས་ནས་ཁྱིམ་མིར་སེམས་གསོ་དང་།  བྱ་བ་ཐག་གཅོད་དང་དོན་རྐྱེན་བརྟག་དཔྱད་ཐག་གཅོད་སོགས་ཀྱི་བྱ་བ་ཏན་ཏིག་གིས་ལེགས་སྒྲུབ་བྱེད་དགོས་ཞེས་བསྟན།   “ལྔ་གཅིག”གུང་གསེང་མཇུག་སྒྲིལ་ལ་ཉེ་བས།  ས་གནས་སོ་སོའི་འབྲེལ་ཡོད་ཕྱོགས་སོ་སོར་བདེ་འཇགས་ཐོན་སྐྱེད་དོན་འཁྱོལ་དང་བདེ་འཇགས་དོ་དམ་གྱི་འགན་འཁྲི་དོན་འཁྱོལ་བྱ་རྒྱུར་སྔར་ལས་སྐུལ་འདེད་མཛུབ་ཁྲིད་བྱས་ཏེ། གཙོ་གནད་གནས་ཡུལ་དང་གཙོ་གནད་ཁྱབ་ཁོངས་འབུར་དུ་དོད་ནས། ཕྱོགས་ཡོངས་ནས་ཉེན་ཁའི་མངོན་མེད་རྐྱེན་ངན་ཞིབ་བཤེར་བྱེད་པ་དང། དོན་ཆེན་རིགས་སྣ་ཚོགས་འབྱུང་བར་མཐའ་གཅིག་ཏུ་སྔོན་འགོག་ཚོད་འཛིན་བྱ་དགོས།

ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་དང་ལིས་ཆང་གིས་བཏོན་པ་བླང་བྱ་གཞིར་བཟུང་ནས། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཀྲང་གོ་ཆིན་གྱིས་འབྲེལ་ཡོད་སྡེ་ཁག་གི་འགན་འཁུར་བློ་མཐུན་གྱི་སྣེ་ཁྲིད་དེ་ཡུལ་དངོས་སུ་བསྐྱོད་ནས་རོགས་སྐྱོབ་བྱ་བར་མཛུབ་ཁྲིད་གནང་།     ཀུའེ་ཀྲོའུ་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་འགན་འཁུར་བློ་མཐུན་གཙོ་བོས་ཡུལ་དངོས་སུ་འཕྲལ་སྒྲུབ་ཐག་གཅོད་བྱ་བར་བཀོད་འདོམས་བྱས་པ་དང་།    ཀུའེ་ཀྲོའུ་ཞིང་ཆེན་དང་པིས་ཅེ་གྲོང་ཁྱེར་གྱིས་ཡུལ་དངོས་སུ་འཚོལ་སྐྱོབ་དང་རྨས་སྐྱོན་ཕོག་པའི་མི་སྣ་སྐྱོབ་བཅོས་སོགས་ཀྱི་བྱ་བ་ནུས་ཤུགས་ཡོད་རྒུས་ལེགས་པར་སྒྲུབ་བཞིན་ཡོད།     མིག་སྔར།    འབྲེལ་ཡོད་བྱ་བ་སྤེལ་བཞིན་པའི་སྒང་རེད།

ཤ་བོ་རིན་མཚོས་བསྒྱུར།