ཕྱི་འབྲེལ་པུའུ་ཡི་མགྲིན་ཚབ་པས་ཚེས4ཉིན་ཁྱབ་བསྒྲགས་བྱས་པ་ལྟར་ན། ཨུ་རུ་སིའི་རྒྱལ་ཕྲན་མཉམ་འབྲེལ་ཙུང་ཐུང་ཕུའུ་ཅིན་གྱི་གདན་ཞུ་ལྟར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཟླ5པའི་ཚེས7ནས་ཚེས10ཉིན་བར་ཨུ་རུ་སིར་རྒྱལ་དོན་འཚམས་འདྲི་བྱེད་རྒྱུ་ཡིན་པ་མ་ཟད་མོ་སི་ཁོ་རུ་སུའུ་ལེན་རླབས་ཆེན་རྒྱལ་སྲུང་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ་80འཁོར་བར་རྟེན་འབྲེལ་ཞུ་བའི་མཛད་སྒོར་ཞུགས་རྒྱུ་རེད། ཕྱི་འབྲེལ་པུའུ་ཡི་མགྲིན་ཚབ་པས་ཚེས4ཉིན་གསར་འགོད་པར་ཐེངས་འདིའི་འཚམས་འདྲིའི་བཀོད་སྒྲིག་གཙོ་བོ་དང་ཀྲུང་གོའི་ཕྱོགས་ཀྱིས་ཀྲུང་གོ་དང་ཨུ་རུ་སིའི་འབྲེལ་བ་འཕེལ་རྒྱས་གཏོང་རྒྱུར་རེ་སྒུག་བྱེད་བཞིན་པའི་གནས་ཚུལ་ངོ་སྤྲོད་བྱས།
མགྲིན་ཚབ་པས་བསྟན་དོན། མིག་སྔར། ལོ་བརྒྱའི་རིང་གི་འཕོ་འགྱུར་ལ་འགྱུར་ལྡོག་ཆེན་པོ་འབྱུང་བཞིན་ཡོད་པ་དང་རྒྱལ་སྤྱིའི་སྒྲིག་ལམ་ལེགས་སྒྲིག་གཏིང་ཟབ་བྱས་ཡོད། ཀྲུའུ་ཞི་ཞི་ཅིན་ཕིང་དང་ཙུང་ཐུང་ཕུའུ་ཅིན་གྱིས་ལོ་རྒྱུས་དང་འཐབ་ཇུས་ཀྱི་མཐོ་ཚད་ལ་རྐང་བཙུགས་ནས། དུས་རབས་གསར་པའི་ཀྲུང་གོ་དང་ཨུ་རུ་སིོའི་འབྲེལ་བ་རྙོག་འཛིང་ཆེ་བའི་ཕྱི་རོལ་ཁོར་ཡུག་འོག་ཐོག་མཐའ་བར་གསུམ་དུ་བློ་བརྟན་འགྱུར་མེད་ངང་མདུན་སྐྱོད་བྱེད་པར་སྣེ་ཁྲིད་བྱས་ཏེ། ཁྱིམ་མཚེས་མཛའ་མཐུན་དང་ཕྱོགས་ཡོངས་འཐབ་ཇུས་མཉམ་ལས། གཉིས་ཕན་མཉམ་རྒྱལ་བཅས་ཀྱི་མངོན་པར་གསལ་བའི་ཁྱད་ཆོས་མཚོན་པར་བྱས་ཡོད།
མགྲིན་ཚབ་པས་བསྟན་དོན། ཐེངས་འདིར་ཀྲུའུ་ཞུ་ཞི་ཅིན་ཕིང་གདན་ཞུ་ལྟར་ཨུ་རུ་སིར་རྒྱལ་དོན་འཚམས་འདྲི་གནང་བའི་སྐབས་སུ། ཙུང་ཐུང་ཕུའུ་ཅིན་དང་མཉམ་དུ་གནས་བབ་གསར་པའི་འོག་ཀྲུང་གོ་དང་ཨུ་རུ་སིའི་འབྲེལ་བ་འཕེལ་རྒྱས་གཏོང་བ་དང་དེ་མིན་རྒྱལ་སྤྱི་དང་ས་ཁུལ་གྱི་གནད་དོན་གལ་ཆེན་རབ་དང་རིམ་པའི་ཐད་འཐབ་ཇུས་ཀྱི་འབྲེལ་གཏུག་བྱ་རྒྱུ་རེད། རྒྱལ་ཁབ་གཉིས་ཀྱི་གཙོ་འཛིན་ལ་ཐུན་མོང་ངོས་འཛིན་གལ་ཆེན་བྱུང་ནས་ཀྲུང་གོ་དང་ཨུ་རུ་སུའི་ཆབ་སྲིད་ཐད་ཕན་ཚུན་ཡིད་ཆེས་སྔར་ལས་གཏིང་ཟབ་ཏུ་གཏོང་བ་དང་། འཐབ་ཇུས་མཉམ་ལས་ཀྱི་ནང་དོན་ཕུན་སུམ་ཚོགས་པ། མངའ་ཁོངས་སོ་སོའི་དངོས་སྒྲུབ་མཉམ་ལས་ལ་སྐུལ་འདེད་གཏོང་བ་བཅས་བྱས་ཏེ། རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་སྔར་ལས་མང་པོའི་བདེ་སྐྱིད་བསྐྲུན་ནས་རྒྱལ་སྤྱིའི་སྤྱི་ཚོགས་ལ་བརྟན་བརླིང་རང་བཞིན་དང་དྲང་ནུས་སྔར་ལས་མང་པོ་ཕུལ་ཐུབ་པའི་ཡིད་ཆེས་ཡོད།
མགྲིན་ཚབ་པས་བསྟན་དོན། ད་ལོ་ནི་ཀྲུང་གོ་མི་དམངས་འཇར་འགོག་དམག་འཁྲུག་དང་། སུའུ་ལེན་རླབས་ཆེན་རྒྱལ་སྲུང་དམག་འཁྲུག་དང་འཛམ་གླིང་གི་ཧྥ་ཞིས་སིར་ངོ་རྒོལ་བྱེད་པའི་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ80འཁོར་བའི་ལོ་རེད། ཀྲུང་གོ་དང་ཨུ་རུ་སི་རྒྱལ་ཁབ་གཉིས་འཛམ་གླིང་འཁྲུག་ཆེན་གཉིས་པའི་ཨེ་ཤ་ཡ་དང་ཡོ་རོབ་གླིང་གི་གཡུལ་ས་གཙོ་བོ་གཉིས་ཡིན་པའི་ཆ་ནས། འཛམ་གླིང་གིས་ཧྥ་ཞིས་སིར་ངོ་རྒོལ་བྱེད་པའི་དམག་འཁྲུག་ལ་རྒྱལ་ཁ་ཐོབ་པ་དང་། རང་སོ་སོའི་མི་རིགས་ཉེན་ཁ་དང་མིའི་རིགས་ཀྱི་མདུན་ལམ་ལས་དབང་སྐྱོབ་ཆེད་བློས་གཏོང་ཆེན་པོ་བྱས་པ་དང་ལོ་རྒྱུས་ཀྱི་སྟེང་བྱས་རྗེས་གལ་ཆེན་བཞག་ཡོད། ཀྲུའུ་ཞི་ཞི་ཅིན་ཕིང་དང་ཙུང་ཐུང་ཕུའུ་ཅིན་བར་ཐུན་མོང་ངོས་འཛིན་གཅིག་མཐུན་བཞག་ཡོད་པས་མཉམ་དུ་ལོ་རྒྱུས་བློ་ལ་བརྟན་པོར་ངེས་པ་དང་། དཔའ་བོར་དྲན་གསོ་བྱེད་པ། འཛམ་གླིང་འཁྲུག་ཆེན་གཉིས་པའི་ལོ་རྒྱུས་ལྟ་བ་ཡང་དག་པ་དར་སྤེལ་གཏོང་བ། འཛམ་གླིང་འཁྲུག་ཆེན་གཉིས་པའི་རྒྱལ་ཁ་ཐོབ་པའི་གྲུབ་འབྲས་དང་དམག་འཁྲུག་རྗེས་ཀྱི་རྒྱལ་སྤྱིའི་སྒྲིག་ལམ་སྲུང་སྐྱོང་བྱེད་པ། རྒྱལ་སྤྱིའི་དྲང་གཞག་དྲང་བདེན་སྲུང་སྐྱོང་བཅས་བྱ་རྒྱུ་རེད། དམིགས་བསལ་གྱི་ལོ་རྒྱུས་སྦྲེལ་ཚིགས་སུ། གདན་ཞུ་ལྟར་མོ་སི་ཁོ་རུ་འཚོགས་པའི་སུའུ་ལེན་རླབས་ཆེན་རྒྱལ་སྲུང་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ་80འཁོར་བར་དྲན་གསོ་ཞུ་བའི་རྟེན་འབྲེལ་ཚོགས་འདུར་ཞུགས་པ་ནི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཐེངས་འཚམས་འདྲིར་ཕེབས་པའི་ནང་དོན་གལ་ཆེན་ཞིག་ཡིན་ལ། ཀྲུང་གོ་དང་ཨུ་རུ་སི་ཕྱོགས་ཀྱིས་འཛམ་གླིང་གི་ཧྥ་ཞིས་སིར་ངོ་རྒོལ་བྱེད་པའི་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ80འཁོར་བར་དྲན་གསོ་ཞུ་བའི་བྱ་འགུལ་དོན་སྙིང་ལྡན་པ་ཞིག་རེད།
མགྲིན་ཚབ་པས་བསྟན་དོན། ད་ལོ་ནི་མཉམ་འབྲེལ་རྒྱལ་ཚོགས་བཙུགས་ནས་ལོ80འཁོར་བའི་ལོ་ཡང་རེད། ཀྲུང་གོ་དང་ཨུ་རུ་སི་གཉིས་ནི་མཉམ་འབྲེལ་རྒྱལ་ཚོགས་གསར་འཛུགས་བྱེད་མཁན་རྒྱལ་ཁབ་དང་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་ལས་འགན་རྒྱུན་འཛིན་རྒྱལ་ཁབ་ཡིན་པས། མཉམ་འབྲེལ་རྒྱལ་ཚོགས་ལྟེ་བར་བྱས་པའི་རྒྱལ་སྤྱིའི་མ་ལག་སྲུང་སྐྱོང་བྱེད་པའི་ཐད་དམིགས་བསལ་ཀྱི་འགན་འཁྲི་གལ་ཆེན་ཕྲག་ཏུ་འཁུར་ཡོད། ཀྲུང་གོ་དང་ཨུ་རུ་སི་ཕྱོགས་གཉིས་ཀྱིས་མཉམ་འབྲེལ་རྒྱལ་ཚོགས་དང་། ཧྲང་ཧའེ་མཉམ་ལས་རྩ་འཛུགས། གསེར་གྱོམ་རྒྱལ་ཁབ་སོགས་ཕྱོགས་མང་གི་སྟེགས་བུའི་མཉམ་ལས་དམ་ཟབ་བྱ་རྒྱུར་སྔར་ལས་ཤུགས་བསྣན་ཏེ། རྒྱ་ཆེའི་འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་ལ་མཐུན་སྒྲིལ་བྱས་ནས་གོ་ལ་ཧྲིལ་པོའི་བཅོས་སྐྱོང་གི་ཡང་དག་པའི་ཁ་ཕྱོགས་སྣེ་ཁྲིད་བྱེད་པ་དང་། དར་ཆ་གསལ་པོས་ཕྱོགས་རྐྱང་རིང་ལུགས་དང་བཙན་ཤེད་བྱ་སྤྱོད་ལ་ངོ་རྒོལ་བྱས་ཏེ་འདྲ་མཉམ་དང་གོ་རིམ་ལྡན་པའི་འཛམ་གླིང་སྣེ་མང་ཅན་དང་། ཀུན་ཕན་དཀྱེལ་ཡངས་ཀྱི་དཔལ་འབྱོར་འཛམ་གླིང་ཅན་དུ་འགྱུར་བར་ལག་གདང་སྦྲེལ་ནས་སྐུལ་འདེད་གཏོང་དགོས།
ཤ་བོ་རིན་མཚོས་བསྒྱུར།