ལའོ་ཏུང་ཁྲོན་གྱིས་ཞིང་ཆེན་ཡོངས་ཀྱི་འགྲིམ་འགྲུལ་བདེ་འཇགས་དང་གེགས་མེད་ཤར་གཏོང་ལ་འགན་སྲུང་བྱེད་པའི་བྱ་བར་རྟོག་ཞིབ་དང་བཀོད་གཏོང་བྱས།
2025.05.06 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 0

ཟླ5པའི་ཚེས5ཉིན། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ལའོ་ཏུང་ཁྲོན་ཞིང་ཆེན་འགྲིམ་འགྲུལ་སྐྱེལ་འདྲེན་ཐིན་དང་ཞིང་ཆེན་སྤྱི་བདེ་ཐིན་ལ་སོང་ནས། ཞིང་ཆེན་ཡོངས་ཀྱི་འགྲིམ་འགྲུལ་བདེ་འཇགས་དང་གེགས་མེད་ཤར་གཏོང་ལ་འགན་སྲུང་བྱེད་པའི་བྱ་བའི་གནས་ཚུལ་ལ་རྟོག་ཞིབ་དང་བཀོད་གཏོང་བྱས་པ་དང་། ལས་རེས་ལས་སྲུང་མི་སྣར་དུས་ཆེན་གྱི་འཚམས་འདྲི་བྱས། ཁོས་ནན་གྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་ཟབ་མོ་བྱེད་པ་དང་། ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་དང་ཞིང་ཆེན་ཏང་ཨུའི་བྱ་བའི་རེ་བ་མཐའ་གཅིག་ཏུ་དོན་འཁྱོལ་བྱེད་པ། ཆབ་སྲིད་ཀྱི་རང་རྟོགས་དང་འགན་འཁྲི་ཁག་ཁུར་མཐོན་པོས་བདེ་འཇགས་དང་གེགས་མེད་ཤར་གཏོང་ལ་འགན་སྲུང་བྱས་ནས། སེམས་ཤུགས་ཡོད་རྒུས་དམངས་ཚིས་ལ་ཕན་འདོགས་པ་དང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས།

ཞིང་ཆེན་འགྲིམ་འགྲུལ་སྐྱེལ་འདྲེན་ཐིན་ལམ་དྲ་འཁོར་རྒྱུག་ལྟ་ཞིབ་དང་འཕྲལ་བསྟུན་ཐག་གཅོད་ལྟེ་གནས་སུ། ལའོ་ཏུང་ཁྲོན་གྱིས་ལྔ་གཅིག་གུང་གསེང་སྐབས་ཀྱི་ཞིང་ཆེན་ཡོངས་ཀྱི་འགྲིམ་འགྲུལ་སྐྱེལ་འདྲེན་ལས་རིགས་ཀྱི་བདེ་འཇགས་དང་ཞབས་ཞུ་འགན་སྲུང་བྱ་བའི་ཐད་ཀྱི་སྙན་ཞུ་ལ་ཉན་པ་དང་། བརྙན་རིས་བརྒྱུད་དེ་ལམ་མཚམས་གཙོ་བོ་དང་ལྗོངས་རྒྱུ་ཁུལ་གཙོ་བོའི་འགྲིམ་འགྲུལ་འགན་སྲུང་བྱ་བར་བཀོད་གཏོང་བྱས། ཁོས་བསྟན་དོན། ལྔ་གཅིག་གུང་གསེང་མཇུག་བསྒྲིལ་བ་དང་བསྟུན་ནས། ཞིང་ཆེན་ཡོངས་ཀྱི་རླངས་འཁོར་འགྲོ་འོང་གི་ཚད་ཇེ་མང་དུ་འགྲོ་བ་དང་། ས་ཁུལ་སོ་སོ་དང་འབྲེལ་ཡོད་སྡེ་ཁག་གིས་རང་འགུལ་གྱི་ཁག་ཁུར་འབད་འཐབ་བྱེད་པ་དང་། གནས་བབ་ལ་དབྱེ་ཞིབ་དང་བརྡར་གཅོད་བྱེད་པ། བདེ་འཇགས་འདུ་ཤེས་ཇེ་དྲག་ཏུ་གཏོང་བ། ཆ་འཕྲིན་ཅན་དང་རིག་ནུས་ཅན་གྱི་བྱེད་ཐབས་བཀོལ་ནས་ལམ་དྲ་འཁོར་རྒྱུག་གི་ལས་ཆོད་ཇེ་མཐོར་གཏོང་བ། ཞིང་ཆེན་ཡོངས་ཀྱི་ལམ་དྲ་ལྟ་ཞིབ་དང་ཆ་འཕྲིན་མཉམ་སྤྱོད། འཕྲལ་བསྟུན་མཉམ་འགུལ་དང་ཕྱིར་བགྲོད་ཞབས་ཞུ་སོགས་བྱ་བ་བཟང་བོར་བསྒྲུབ་པ། གནས་སྐོར་དུས་ཚིགས་གཙོ་བོའི་འགྲིམ་འགྲུལ་གེགས་མེད་ཤར་གཏོང་ལ་འགན་སྲུང་བྱེད་པ་དང་སྐྱེལ་འདྲེན་ཞབས་ཞུའི་འདོན་སྤྲོད་ཇེ་ཆེར་བཏང་སྟེ། ལམ་མཚམས་གཙོ་བོ་དང་ལྗོངས་རྒྱུ་ཁུལ་གྱི་འགྲིམ་འགྲུལ་བདེ་འཇགས་ཀྱི་གནས་བབ་གཏན་འཇགས་རྒྱུན་འཁྱོངས་བྱེད་དགོས། འཕྲལ་བསྟུན་ཐག་གཅོད་ཀྱི་ཇུས་གཞི་དང་བྱ་བའི་རྐྱེན་སྲོལ་འཐུས་ཚང་དུ་བཏང་ནས། ཁ་ལོ་བ་དང་འགྲུལ་བར་བདེ་འཇགས་ཆ་ཚང་དང་སྟབས་བདེའི་ཕྱིར་བགྲོད་ཁོར་ཡུག་འདོན་སྤྲོད་བྱེད་པ་དང་། ཞིང་ཆེན་ཡོངས་ཀྱི་གུང་གསེང་སྐབས་ཀྱི་འགྲིམ་འགྲུལ་སྐྱེལ་འདྲེན་ཐད་ནས་བདེ་འཇགས་བརྟན་བརླིང་དང་ནུས་པ་ལྡན་ཞིང་གོ་རིམ་ལྡན་པར་ཁག་ཐེག་བྱེད་དགོས།

ཞིང་ཆེན་སྤྱི་བདེ་ཐིན་འགྲིམ་འགྲུལ་དོ་དམ་སྤྱི་ཁྱབ་རུ་ཁག་འཕྲལ་བསྟུན་བཀོད་འདོམས་ལྟེ་གནས་སུ། ལའོ་ཏུང་ཁྲོན་གྱིས་བརྙན་རིས་ཀྱི་ལམ་ནས་ལས་རེས་ས་ཚིགས་སྐོར་ཞིག་ལ་འབྲེལ་འདྲིས་བྱས་ནས། དུས་ཐོག་གི་བགྲོད་ལམ་གེགས་མེད་ཤར་གཏོང་ལ་འགན་སྲུང་བྱེད་པའི་བྱ་བ་སྤེལ་བའི་གནས་ཚུལ་ལ་རྒྱུས་ལོན་བྱས། ཁོས་ནན་གྱིས་བསྟན་དོན། བཀོད་འདོམས་བཀོད་གཏོང་དང་ཆ་འཕྲིན་ཞིབ་གཅོད་ལ་ཤུགས་སྣོན་པ་དང་། ཉེན་རྟོག་བཀོད་སྒྲིག་ལ་གཅིག་འདོམས་བྱེད་པ། འགྲིམ་འགྲུལ་གེགས་སེལ་དང་སྒྲིག་ལམ་སྲུང་སྐྱོབ་བྱ་བ་བཟང་བོར་བསྒྲུབ་པ། གནས་སྐོར་གླ་གཏོང་རླངས་འཁོར་དང་རྒྱང་སྐྱོད་འགྲུལ་སྐྱེལ་རླངས་འཁོར། ཉེན་ཆེ་རྫས་འགྱུར་དངོས་རྫས་སྐྱེལ་འདྲེན་རླངས་འཁོར། འགྲུལ་སྐྱེལ་གྲུ་གཟིངས་སོགས་འགྲིམ་འགྲུལ་སྐྱེལ་འདྲེན་ཀྱི་བདེ་འཇགས་ལྟ་སྐུལ་དོ་དམ་ཐད་ཤུགས་བསྣན་ནས། ཚད་ལྡན་གཟབ་ནན་གྱི་ཁྲིམས་བསྟར་དང་བརྩེ་ལྡན་དྲོད་ལྡན་གྱི་ཞབས་ཞུ་གཉིས་ཟུང་འབྲེལ་བྱེད་དགོས། དཔེ་དབྱིངས་ཆེན་པོ་སྲོག་ཤིང་དུ་བྱས་པའི་འགྲིམ་འགྲུལ་དོ་དམ་གྱི་རིག་སྟོབས་དྲ་རྒྱ་འཛུགས་པ་དང་། ཞིང་ཆེན་ཡོངས་ཀྱི་འགྲིམ་འགྲུལ་འཆར་འགོད་དང་དོ་དམ་ཇུས་ཆོད། འཕྲལ་བསྟུན་བྱེད་ཐབས་བཅས་ཀྱི་མགྱོགས་ཚད་དང་ནུས་པ་མཐོར་འདེགས་བཏང་སྟེ། སྟོབས་ཤུགས་ཡོད་རྒུས་ཉེན་ཁ་འགོག་ཟོན་བྱེད་པ་དང་ཉེན་ཁ་མེད་པར་བཟོ་བ། གེགས་མེད་ཤར་གཏོང་ལ་འགན་སྲུང་བྱེད་དགོས། འཕྲལ་བསྟུན་དང་འགྲིམ་འགྲུལ། གནམ་གཤིས་སོགས་སྡེ་ཁག་བར་གྱི་མཉམ་ལས་གཞོགས་འདེགས་ལ་ཤུགས་སྣོན་པ་དང་། དུས་ཐོག་ཏུ་འགྲིམ་འགྲུལ་བདེ་འཇགས་ཀྱི་གསལ་འདེབས་དང་གནམ་གཤིས་སྔོན་བརྡ་ཁྱབ་བསྒྲགས་བྱེད་པ། བགྲོད་ལམ་འགྲིམ་འགྲུལ་གྱི་བདེ་འཇགས་ཤེས་བྱ་དྲིལ་སྒྲོག་བྱེད་པར་ཤུགས་བསྣན་ནས། མི་དམངས་མང་ཚོགས་བདེ་འཇགས་ངང་ཕྱིར་བསྐྱོད་པ་དང་བདེ་བླག་ངང་ཕྱིར་ལོག་པར་འགན་སྲུང་བྱེད་པའི་མཉམ་ཤུགས་ཆེན་པོ་གྲུབ་པར་བྱེད་དགོས།

རིན་ཆེན་མཚོས་བསྒྱུར།