སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་དང་ཙུང་ལི་ལིས་ཆང་གི་བླང་བྱ་ལྟར་དུ། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཀྲང་གོ་ཆིང་གིས་འབྲེལ་ཡོད་སྡེ་ཁག་གི་འགན་འཁུར་བློ་མཐུན་གྱི་སྣེ་ཁྲིད་དེ། ཚེས4ཉིན་གྱི་དགོང་མོ་ཀུའེ་ཀྲོའུ་པིས་ཅེ་ཆན་ཞི་གྲོང་ཁྱེར་དུ་སོང་ནས། ཡུལ་སྐོར་གྲུ་གཟིངས་ནུབ་པའི་དོན་རྐྱེན་གྱི་འཕྲལ་བསྟུན་རོགས་སྐྱོབ་ལས་དོན་ལ་མཛུབ་སྟོན་བྱས།
ཀྲང་གོ་ཆིང་དམིགས་སར་འབྱོར་རྗེས་ཐད་ཀར་དོན་རྐྱེན་བྱུང་ཡུལ་དུ་སོང་ནས་འཕྲལ་བསྟུན་རོགས་སྐྱོབ་དང་ཐག་གཅོད་གནས་ཚུལ་ལ་རྒྱུས་ལོན་ཞིབ་མོ་བྱས་རྗེས། ཆན་ཞི་གྲོང་ཁྱེར་མི་དམངས་སྨན་ཁང་དུ་སོང་ནས་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཚབ་བྱས་ཏེ་རྨས་སྐྱོན་ཕོག་མཁན་ལ་འཚམས་འདྲི་བྱས་པ་དང་། རྨས་སྐྱོན་ཕོག་མཁན་གྱི་རྨས་སྐྱོན་གནས་ཚུལ་དང་སྨན་བཅོས་གནས་ཚུལ་ཞིབ་མོར་དྲིས་པ་ལས་གཞན། སྨན་བཅོས་མི་སྣར་ནུས་ཤུགས་ཡོད་རྒྱུས་སྨན་བཅོས་བྱེད་དགོས་པའི་མངགས་བཅོལ་བྱས། ཚེས5ཉིན་གྱི་ཐོ་རེངས་ཀྱི་ཆར། ཀྲང་གོ་ཆིང་གིས་མགོ་འཛིན་བྱས་ནས་གྲོས་ཚོགས་བསྡུས་ཏེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་དང་ཙུང་ལི་ལིས་ཆང་གི་མཆན་འགོད་བླང་བྱ་བརྒྱུད་སྒྲོག་བྱས་ནས། རྗེས་ཕྱོགས་ཀྱི་བྱ་བར་ཞིབ་འཇུག་དང་བཀོད་སྒྲིག་བྱས། ཀྲང་གོ་ཆིང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་འབྲེལ་ཐག་ཆད་པའི་མི་སྣ་འཚོལ་སྐྱོབ་ཀྱི་འཕེལ་རིམ་དང་རྨས་སྐྱོན་སྐྱོབ་བཅོས་ཀྱི་གནས་ཚུལ་ལ་ཐུགས་ཁུར་ཟབ་བཞེས་གནང་གིན་ཡོད་པ་དང་། ཡུལ་དངོས་ཀྱི་འཚོལ་སྐྱོབ་དང་སྨན་བཅོས་སྲོག་སྐྱོབ། དོན་མཇུག་ལེགས་བསྡུས་དང་སེམས་གསོ་སོགས་ཀྱི་ལས་དོན་ལེགས་པར་བསྒྲུབ་རྒྱུའི་ཐད་མཛུབ་སྟོན་གལ་ཆེན་གནང་བར་མ་ཟད། ས་གནས་སོ་སོ་དང་འབྲེལ་ཡོད་སྡེ་ཁག་ལ་བསླབ་བྱ་བསྡུ་ལེན་ནན་མོ་བྱས་ཏེ། ལྷོད་གཡེང་གི་བསམ་བློ་ཁྱད་གསོད་བྱེད་པ་དང་བདེ་འཇགས་བྱེད་ཐབས་ལ་ཤུགས་སྣོན་པ། ལས་དོན་དོན་འཁྱོལ་དམ་འཛིན་ནན་མོ་བཅས་བྱས་ནས། བདེ་འཇགས་དོན་རྐྱེན་ཚབས་ཆེན་ཇེ་མང་དུ་འཕེལ་བའི་རྣམ་པ་མཐའ་གཅིག་ཏུ་བཀག་འགོག་བྱེད་དགོས་པའི་ཐད་ནས་བླང་བྱ་ཁ་གསལ་བཏོན་ཡོད། ཙུང་ལི་ལིས་ཆང་གིས་འབྲེལ་ལམ་རྦད་དེ་ཆད་པའི་མི་སྣ་འཚོལ་སྐྱོབ་བྱེད་པ་དང་རྨས་སྐྱོན་ཕོག་མཁན་སྐྱོབ་བཅོས་བྱེད་པ། ཁྱིམ་མིར་སེམས་གསོ་བྱེད་པ། དོན་རྐྱེན་ལ་བརྟག་དཔྱད་བྱས་ནས་ཐག་གཅོད་བྱེད་པ། འགལ་རྐྱེན་ཅི་རིགས་ལ་ཞིབ་བཤེར་བཅོས་སྐྱོང་བྱེད་དགོས་པ་སོགས་ཀྱི་ཐད་ནས་བཀོད་སྒྲིག་གང་ལེགས་གནང་ཡོད། ཀུའེ་ཀྲོའུ་ཞིང་ཆེན་དང་འབྲེལ་ཡོད་ཕྱོགས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་དང་ཙུང་ལི་ལིས་ཆང་གི་བླང་བྱ་མཐའ་གཅིག་ཏུ་ལག་བསྟར་དོན་འཁྱོལ་བྱས་ཏེ། མི་དམངས་དང་ཚེ་སྲོག་བླ་ན་མེད་པའི་བསམ་ཕྱོགས་རྒྱུན་འཁྱོངས་བྱས་ནས། རྗེས་མཐུད་ལས་དོན་ནུས་ཤུགས་ཡོད་རྒུས་ལེགས་པར་བསྒྲུབ་དགོས། ཆེད་ལས་སྟོབས་ཤུགས་བསྡུ་འགུགས་བྱས་ཏེ་ཐབས་ཤེས་གང་མང་བཏོན་ནས་འབྲེལ་ལམ་རྦད་དེ་ཆད་པའི་མི་སྣ་འཚོལ་སྐྱོབ་བྱས་ནས་མི་གཅིག་ཀྱང་མི་ལུས་པར་འགན་ལེན་བྱེད་དགོས། སྨན་བཅོས་ཆེད་མཁས་པ་དང་ཐོན་ཁུངས་བཀོད་སྒྲིག་བྱས་ནས། ནུས་ཤུགས་ཡོད་རྒུས་རྨས་མ་སྐྱོབ་བཅོས་བྱས་ཏེ། རྨས་སྐྱོན་ཕོག་ནས་ཤི་བ་དང་རྨས་སྐྱོན་ཕོག་ནས་དབང་པོ་སྐྱོན་ཅན་དུ་འགྱུར་ཚད་ཉུང་དུ་གཏོང་དགོས། སེམས་ཤུགས་དང་བརྩེ་སེམས་ལ་བརྟེན་ནས་རྐྱེན་ལམ་དུ་ཤོར་བའི་མི་སྣའི་ཁྱིམ་མིར་སེམས་གསོ་དང་དོན་མཇུག་ལེགས་བསྡུས་ལས་དོན་ཞིབ་ཕྲ་དང་ཕྱོགས་ཡོངས་ནས་ལེགས་པར་བསྒྲུབ་དགོས། དོན་རྐྱེན་ལ་བརྟག་དཔྱད་གནད་ཁེལ་བྱས་ཏེ་ཁྲིམས་ལྟར་འགན་འཁྲི་རྩད་གཅོད་ནན་མོ་བྱེད་དགོས། ཆ་འཕྲིན་དུས་ཐོག་དང་གནད་ལ་འཁེལ་བའི་སྒོ་ནས་བསྒྲགས་ཏེ། རང་འགུལ་ངང་སྤྱི་ཚོགས་ཀྱི་དོ་ཁུར་ལ་ལན་འདེབས་དགོས་ཞེས་ནན་བཤད་བྱས།
ཀྲང་གོ་ཆིང་གིས་ས་གནས་དང་འབྲེལ་ཡོད་སྡེ་ཁག་སོ་སོས“དོ་དམ་བྱེད་དགོས་པ་གསུམ་དང་དགོས་ངེས་གསུམ”གྱི་བླང་བྱ་དོན་འཁྱོལ་ནན་མོ་བྱས་ཏེ། བདེ་འཇགས་འགན་འཁྲིའི་བྱེད་ཐབས་གཞི་རིམ་ཏུ་དོན་འཁྱོལ་བྱེད་རྒྱུ་དང་། ཡུལ་དུས་བྱེ་བྲག་པ་དང་ལས་གནས་བྱེ་བྲག་པ། མི་སྣ་བྱེ་བྲག་པ་བཅས་སུ་དོན་འཁྱོལ་བྱས་ཏེ། དོན་རྐྱེན་སྔོན་འགོག་དང་འགལ་རྐྱེན་ཞིབ་བཤེར། གནད་དོན་བཅོས་སྒྲིག་སོགས་བདེ་འཇགས་དོ་དམ་འགན་འཁྲིའི་བྱེད་ཐབས་དོན་འཁྱོལ་བྱ་རྒྱུར་ཤུགས་བསྣན་ནས། བདེ་འཇགས་ལས་འཛོལ་ཚབས་ཆེན་མི་འབྱུང་བའི་ཐད་སྔོན་འགོག་བཀག་འགོག་མཐའ་གཅིག་ཏུ་བྱེད་དགོས། ཡུལ་སྐོར་མཛེས་ལྗོངས་ཁུལ་དང་སྤྱིའི་འདུ་གནས་ཆེ་གྲས། སྡོད་དམངས་ཀྱི་སྡོད་ཁུལ་ཆུང་གྲས། འགྲིམ་འགྲུལ་སྐྱེལ་འདྲེན་སོགས་གཙོ་གནད་གནས་ཡུལ་དང་ཁྱབ་ཁོངས་ལ་དམ་པོར་དམིགས་ཏེ། གཅིག་ཤེས་ཀུན་གྲོལ་གྱི་སྒོ་ནས་ཉེན་ཁ་དང་འགལ་རྐྱེན་སྣ་ཚོགས་མེད་པར་བཟོས་ནས་བདེ་འཇགས་དངོས་ཀྱི་ཆུ་ཚད་ཏན་ཏིག་མཐོ་རུ་གཏོང་དགོས། གནོད་འཚེ་དང་འབྲེལ་བའི་གནམ་གཤིས་ཀྱི་ལྟ་ཞིབ་ཚད་ལེན་དང་སྔོན་བརྡ་གཏོང་རྒྱུར་ཤུགས་སྣོན་རྒྱུ་དང་། སྔོན་བརྡ་དང་ལེན་དང་འཕྲལ་བསྟུན་མཉམ་འགུལ་བྱེད་ཤུགས་ཆེ་རུ་གཏོང་བ། གནམ་གཤིས་ངན་པར་རྐྱེན་བྱས་ཏེ་མཛེས་ལྗོངས་ཁུལ་དུ་མི་སྣ་འགྲོ་སྐྱོད་བྱེད་ཚད་ཚོད་འཛིན་དང་འགྲུལ་སྐྱེལ་གྲུ་གཟིངས་ཀྱི་མཚོ་སྐྱོད་ཚོད་འཛིན་སོགས་ཉེན་འགོག་བྱེད་ཐབས་དོན་འཁྱོལ་ནན་མོ་བྱས་ནས། མི་དམངས་མང་ཚོགས་ཀྱི་ཚེ་སྲོག་བདེ་འཇགས་ལ་འགན་ལེན་བྱེད་དགོས་ཞེས་ནན་བཤད་བྱས།
བན་དེ་སྐྱབས་ཀྱིས་བསྒྱུར།