ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱེད་པའི་སློབ་སྦྱོང་སློབ་གསོ་སྤེལ་བ་ནས་བཟུང་། ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་སྡེ་ཁག་སོ་སོས་མདུན་དུ་བསྐྱོད་པ་དང་མིག་དཔེ་སྟོན་རྒྱུ་རྒྱུན་འཁྱོངས་བྱས་ཤིང་། སློབ་སྦྱོང་ཞིབ་བཤེར་བསྒྱུར་བཅོས་ལ་གཞི་གཅིག་ཏུ་སྐུལ་འདེད་བཏང་སྟེ། སློབ་སྦྱོང་སློབ་གསོར་ཕན་འབྲས་ཐོབ་པར་སྐུལ་འདེད་བཏང་།
རྒྱལ་ཡོངས་དམངས་ཆེན་ལས་ཁུངས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཏང་གི་སྤྱོད་ཚུལ་འཛུགས་སྐྲུན་ལ་ཤུགས་སྣོན་བྱེད་པའི་སྐོར་གྱི་རྒྱས་བཤད་གལ་ཆེན་སློབ་སྦྱོང་དང་དེར་གོ་བ་གཏིང་ཟབ་ལེན་པ་དང་། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་དང་དེའི་ལག་བསྟར་ཞིབ་སྲོལ་གྱི་དགོངས་དོན་སློབ་སྦྱོང་དང་གོ་བ་ལེན་པ་དང་ལག་བསྟར་དོན་འཁྱོལ་བྱེད་པ། ལས་ཁུངས་ཀྱི་སློབ་སྦྱོང་སློབ་གསོའི་ལག་བསྟར་ཇུས་གཞི་ཞིབ་འཇུག་དང་གཏན་འབེབས་བྱས་ཏེ། ཕྱོགས་བཞིའི་གཙོ་གནད་ལས་འགན་ཁག་བཅུ་གཅིག་ཞིབ་ཕྲ་བཟོས་ནས་ལེགས་འགྲུབ་བྱེད་པའི་དུས་ཚོད་དང་འགན་འཁུར་སྡེ་ཁག་ཁ་གསལ་བཟོས་ཡོད།
རྒྱལ་ཡོངས་སྲིད་གྲོས་ལས་ཁུངས་ཀྱིས་སློབ་སྦྱོང་སློབ་གསོ་སྤེལ་བ་དང་ཆབ་སྲིད་ལས་ཁུངས་དང་དཔེ་བཟང་ལས་ཁུངས་འཛུགས་སྐྲུན་གཏིང་ཟབ་བྱེད་པ་ཟུང་འབྲེལ་དམ་ཟབ་བྱས་པ་དང་། ལག་བསྟར་ཇུས་གཞི་ཞིབ་འཇུག་དང་གཏན་འབེབས་བྱས་ཏེ། ཞིབ་ཕྲའི་ལས་འགན་ཁག་སོ་གསུམ་ཁ་གསལ་བཟོས་ཡོད། བརྗོད་བྱ་གཙོ་བོའི་འགྲེམས་སྟོན་ལ་ལྟ་སྐོར་དང་། སློབ་སྦྱོང་ཞིབ་འཇུག སྒྲོག་འགྲེལ་བརྗེ་རེས་སོགས་རྩ་འཛུགས་བྱས་པ་བརྒྱུད་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཏང་གི་སྤྱོད་ཚུལ་འཛུགས་སྐྲུན་ལ་ཤུགས་སྣོན་རྒྱག་པའི་སྐོར་གྱི་རྒྱས་བཤད་གལ་ཆེན་སློབ་སྦྱོང་ཟབ་མོ་དང་ལག་ལེན་ནན་ཏན་བྱས།
ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་དང་རྒྱལ་ཁབ་ལྟ་ཞིབ་ཨུ་ཡོན་ལྷན་ཁང་ལས་ཁུངས་ཀྱིས་སློབ་སྦྱོང་དང་གྲོས་བསྡུར་གཏིང་ཟབ་བྱས་པ་དང་། གནད་དོན་ཞིབ་བཤེར་དང་ཐག་གཅོད་ཏན་ཏིག་བྱས་ཤིང་། གཅིག་བསྡུས་བཅོས་སྐྱོང་ནན་མོ་བྱས་པར་མ་ཟད། སློབ་གསོ་སྤེལ་བ་བརྒྱུད་ནས་ཕྱི་ཚུལ་རིང་ལུགས་བཀག་འགོག་རྒྱུན་འཁྱོངས་བྱས། གནད་དོན་ལ་དམིགས་ནས་རྣམ་གྲངས་རེ་རེ་ཞིབ་ཐོ་འགོད་པ་དང་བྱེད་ཐབས་གཏན་འབེབས་བཟོ་བ། ཕན་ནུས་ལྡན་པའི་བྱེད་ཐབས་བཏོན་ནས་གནད་དོན་རེ་རེ་བཞིན་ཐག་གཅོད་བྱས། རིམ་པ་སོ་སོའི་སྒྲིག་ཁྲིམས་ཞིབ་བཤེར་ལྟ་ཞིབ་ལས་ཁུངས་ཀྱིས་རང་ངོས་ཀྱི་སློབ་སྦྱོང་སློབ་གསོ་དམ་འཛིན་བྱེད་པ་དང་ཆབས་ཅིག རིམ་པ་སོ་སོའི་ཏང་རྩ་འཛུགས་ཀྱིས་སློབ་སྦྱོང་སློབ་གསོ་སྤེལ་བའི་གནས་ཚུལ་ལ་ལྟ་སྐུལ་དང་ཞིབ་བཤེར་བྱེད་ཤུགས་ཆེ་རུ་བཏང་ནས་གནད་དོན་ཤེས་རྟོགས་བྱུང་བ་དང་དུས་ཐོག་ཏུ་ཡོ་བསྲང་བྱས།
ཀྲུང་དབྱང་དྲ་འཕྲིན་གཞུང་སྒྲུབ་ཁང་གིས་སློབ་སྦྱོང་ཞིབ་བཤེར་བསྒྱུར་བཅོས་ལ་གཞི་གཅིག་ཏུ་སྐུལ་འདེད་གཏོང་བར་དམིགས་ནས། ཏང་ཡོན་ལས་བྱེད་པ་རྩ་འཛུགས་བྱས་ཏེ《ཞི་ཅིན་ཕིང་གི་ཏང་གི་སྤྱོད་ཚུལ་འཛུགས་སྐྲུན་ལ་ཤུགས་སྣོན་རྒྱག་པའི་སྐོར་གྱི་རྒྱས་བཤད་གནད་བསྡུས》སློབ་སྦྱོང་ནན་ཏན་བྱས། དེ་དང་ཆབས་ཅིག གནད་དོན་གྱི་ཞིབ་ཐོ་དང་འབྲེལ་ཡོད་སྒྲིག་སྲོལ་སྒྲིག་ལམ་དང་ཞིབ་བསྡུར་བྱས་ནས་གནད་དོན་ལ་ཞིབ་བཤེར་བྱས་པ་དང་། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་དང་དེའི་ལག་བསྟར་ཞིབ་སྲོལ་གྱི་དགོངས་དོན་དོན་འཁྱོལ་བྱེད་པའི་ཐད་ཀྱི་ཉེན་ཁ་ཕྱོགས་ཡོངས་ནས་གསེད་བཀྲོལ་དང་ཞིབ་བཤེར་འཐུས་ཚང་དུ་བཏང་སྟེ། དམིགས་སའི་རང་བཞིན་ལྡན་པའི་སྒོ་ནས་སྔོན་འགོག་བྱེད་ཐབས་བཟོས་ཡོད།
ཤ་བོ་གསེར་མཚོས་བསྒྱུར།