ཟླ5པའི་ཚེས6ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཧྥུའུ་ལིས་ཏི་ལིས་ཞི·མཱོ་ཚི་ལ་གློག་འཕྲིན་བཏང་ནས། ཁོང་འཇར་མན་རྒྱལ་ཕྲན་མཉམ་འབྲེལ་སྤྱི་མཐུན་རྒྱལ་ཁབ་ཀྱི་ཙུང་ལིར་བདམས་ཐོན་བྱུང་བར་རྟེན་འབྲེལ་ཞུས།
ཞི་ཅིན་ཕིང་གིས་ཀྲུང་གོ་དང་འཇར་མན་ནི་ཕྱོགས་ཡོངས་ཀྱི་འཐབ་ཇུས་ཟླ་གྲོགས་ཡིན། རྒྱལ་ཁབ་གཉིས་བར་འབྲེལ་བ་བཙུགས་ནས་ལོ53འཁོར་བའི་རིང་ལ། རྒྱལ་ཁབ་གཉི་གས་ཕན་ཚུན་བརྩི་བཀུར་དང་ཕན་ཚུན་ཡིད་ཆེས། ཕན་ཚུན་བར་འདྲ་མཉམ་གྱི་ལྟ་སྟངས་འཛིན་པ་བཅས་ཀྱི་མཉམ་གནས་ཀྱི་བགྲོད་ལམ་རྒྱུན་འཁྱོངས་བྱས་ཏེ། ཐོག་མཐའ་བར་གསུམ་དུ་ཕན་ཚུན་ཕན་འདོགས་པ་དང་ཐུན་མོང་འཕེལ་རྒྱས་གཏོང་བའི་མཉམ་ལས་ཀྱི་བགྲོད་ལམ་སྟེང་བསྐྱོད་དེ། ལག་གདང་སྦྲེལ་ནས་མཉམ་འགྲོ་བྱེད་པ་དང་ཕན་ཚུན་རྒྱབ་སྐྱོར་བྱེད་པའི་ཟླ་གྲོགས་ཡག་པོ་ཞིག་ཏུ་འཚར་ལོངས་བྱུང་སྟེ། ཆུ་ཚད་མཐོ་བའི་མཉམ་ལས་ལ་བརྟེན་ནས་ཕྱོགས་གཉི་གའི་འབྲེལ་བ་རྒྱུན་མཐུད་དང་བདེ་ཐང་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་བཏང་ཡོད། དེང་སྐབས་ཀྱི་འཛམ་གླིང་འདི་ཉིད་འགྱུར་ལྡོག་དང་ཟང་ཟིང་ཆེ་བའི་དུས་སྐབས་ཤིག་ཏུ་སླེབས་ཡོད་ཅིང་། ཁྱད་པར་དུ་ཕྱོགས་རྐྱང་རིང་ལུགས་དང་སྲུང་སྐྱོབ་རིང་ལུགས་རླབས་རྒྱུན་འཕྱུར་བཞིན་ཡོད་མོད། ཞི་བདེ་དང་འཕེལ་རྒྱས། མཉམ་ལས། མཉམ་རྒྱལ་བཅས་ནི་སྔར་བཞིན་མི་ཡུལ་གྱི་བདེན་པ་དང་བཀག་འགོག་བྱེད་ཐབས་བྲལ་བའི་དུས་རབས་ཀྱི་རླབས་རྒྱུན་ཞིག་ཡིན། འཛམ་གླིང་གི་དཔལ་འབྱོར་དངོས་ཕུང་ཆེ་གྲས་གཉིས་པ་དང་གསུམ་པ་དང་། གོ་ལ་ཧྲིལ་པོར་ཤུགས་རྐྱེན་ངེས་ཅན་ལྡན་པའི་རྒྱལ་ཁབ་ཆེན་པོ་ཡིན་པའི། ཀྲུང་གོ་དང་འཇར་མན་རྒྱལ་ཁབ་གཉིས་ཀྱིས་ལོ་རྒྱུས་ཀྱི་འཕེལ་ཕྱོགས་ཆེན་མོ་དང་བསྟུན་ནས། དྲང་གཞག་དྲང་བདེན་བརྟན་སྲུང་བྱེད་རྒྱུ་དང་། ཕན་ཚུན་བར་བརྗེ་རེས་དང་སློབ་སྦྱོང་ཟབ་མོ་བྱེད་པ། མཐུན་སྒྲིལ་མཉམ་ལས་ལ་ཤུགས་སྣོན་པ། མཉམ་དུ་ལག་གདང་སྦྲེལ་ནས་འགལ་རྐྱེན་ཅི་རིགས་མཉམ་འགོག་མཉམ་སེལ་བྱེད་པ། རྒྱལ་ཁབ་གཉིས་ཀྱི་མི་དམངས་ཀྱི་བདེ་སྐྱིད་ཆེ་རུ་གཏོང་བ། འདྲ་མཉམ་དང་གོ་རིམ་ལྡན་པའི་འཛམ་གླིང་སྣེ་མང་ཅན་དང་སྤྱི་ཕན་བསྟུན་མཁས་ཀྱི་དཔལ་འབྱོར་འཛམ་གླིང་ཧྲིལ་པོ་ཅན་དུ་འགྱུར་བར་མཉམ་དུ་སྐུལ་འདེད་གཏོང་དགོས། ངས་ཀྲུང་གོ་དང་འཇར་མན་གྱི་འབྲེལ་བ་འཕེལ་རྒྱས་གཏོང་རྒྱུར་ཚད་མཐོའི་མཐོང་ཆེན་བྱེད་ཀྱིན་ཡོད་ཅིང་། སྐུ་ཞབས་ཙུང་ལི་དང་མཉམ་དུ་འབད་བརྩོན་བྱས་ཏེ། ཕྱི་འབྲེལ་འཛུགས་སྐབས་ཀྱི་ཐོག་མའི་བསམ་འདུན་རྒྱུན་འཁྱོངས་བྱས་ནས་ཆབ་སྲིད་ཀྱི་ཡིད་ཆེས་སྔར་ལས་སྲ་བརྟན་དུ་གཏོང་རྒྱུ་དང་། བརྗེ་རེས་མཉམ་ལས་ཟབ་སྤེལ་བཏང་ནས། ཀྲུང་གོ་དང་འཇར་མན་གྱི་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་རེས་འབྲེལ་བའི་རྣམ་པ་གསར་པ་བསྐྲུན་རྒྱུ་དང་། ཀྲུང་གོ་དང་ཡོ་རོབ་མཉམ་ལས་ཀྱི་ཡང་དག་པའི་ཁ་ཕྱོགས་སྣེ་སྟོན་དུ་བཟུང་ནས། འཛམ་གླིང་གི་ཞི་བདེ་བརྟན་བརླིང་དང་འཕེལ་རྒྱས་དར་རྒྱས་ལ་མཉམ་དུ་སྐུལ་འདེད་གཏོང་འདོད་ཡོད་ཅེས་གསུངས།
ཉིན་དེར་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཆང་གིས་ཀྱང་མཱོ་ཚི་འཇར་མན་གྱི་ཙུང་ལིར་བདམས་ཐོན་བྱུང་བར་གློག་འཕྲིན་བཏང་ནས་རྟེན་འབྲེལ་ཞུས་ཏེ་བསྟན་དོན། ཀྲུང་གོ་དང་འཇར་མན་ནི་ཕྱོགས་ཡོངས་ཀྱི་འཐབ་ཇུས་ཟླ་གྲོགས་ཡིན་པ་དང་། ཕྱོགས་གཉི་གའི་ཁྱབ་ཁོངས་སོ་སོའི་དངོས་གཉེར་མཉམ་ལས་ལ་གྲུབ་འབྲས་གཟེངས་སུ་ཐོན་པ་ཐོབ་ཡོད་ལ་དེ་བསྟུན་གྱི་མདུན་ལྗོངས་རྒྱ་ཆེན་པོ་ལྡན། འདྲ་མཉམ་གཉིས་ཕན་དང་མཉམ་ལས་གཉིས་རྒྱལ་ནི་རྒྱལ་ཁབ་གཉིས་གས་མཉམ་དུ་བདམས་པའི་ལོ་རྒྱུས་ཀྱི་གདམ་ག་ཞིག་ཡིན་ལ། ཀྲུང་གོ་དང་འཇར་མན་གྱི་འབྲེལ་བའི་ཁྱད་ཆོས་ཆེས་གསལ་པོ་ཡང་ཡིན་པར་བརྟེན། དེར་ཕྱོགས་གཉི་གས་སྲུང་སྐྱོབ་ནན་མོ་དང་རྒྱུན་འཛིན་དར་སྤེལ་གཏོང་རིན་ཡོད། ངས་འུ་གཉིས་ཀྱི་བར་བྱ་བའི་འབྲེལ་བ་བཟང་པོ་འཛུགས་རྒྱུ་དང་། ཕན་ཚུན་བར་བརྗེ་རེས་ཟབ་མོ་བྱེད་པ། འཕེལ་རྒྱས་ལ་མཉམ་དུ་སྐུལ་འདེད་གཏོང་བ། ཕན་ཚུན་བར་རྒྱུས་ལོན་བྱེད་ཚད་ཇེ་དྲག་ཏུ་གཏོང་བ། ཐུན་མོང་གི་ངོས་འཛིན་གཅིག་སྡུད་བཅས་བྱས་ཏེ། ཀྲུང་གོ་དང་འཇར་མན་གྱི་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་རེས་འབྲེལ་བའི་ནང་དོན་རྒྱུན་ཆད་མེད་པར་ཕུན་སུམ་ཇེ་ཚོགས་སུ་གཏོང་རྒྱུ་དང་། ཀྲུང་གོ་དང་འཇར་མན་དང་ཀྲུང་གོ་དང་ཡོ་རོབ་བར་གྱི་མཉམ་ལས་ཀྱི་ཡང་དག་པའི་ཁ་ཕྱོགས་ལ་སྣེ་སྟོན་བྱ་རྒྱུའི་རེ་ལྟོས་ཆེ་ཞེས་གསུངས།
བན་དེ་སྐྱབས་ཀྱིས་བསྒྱུར།