ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་གྲོས་ཚོགས་བསྡུས།
2025.05.07 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 0

ཟླ5པའི་ཚེས6ཉིན། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཝུའུ་ཞའོ་ཅུན་གྱིས་མགོ་འཛིན་བྱས་ནས་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་བསྡུས་ཏེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་དང་མཆན་བཀོད་མཛུབ་སྟོན་གལ་ཆེན། ཀྲུང་དབྱང་གི་འབྲེལ་ཡོད་གྲོས་ཚོགས་ཀྱི་དགོངས་དོན་བརྒྱུད་སྒྲོག་དང་སློབ་སྦྱོང་བྱས་པ་དང་། རང་ཞིང་གི་ལག་བསྟར་གྲོས་གཞི་ལ་ཞིབ་འཇུག་བྱས།

གྲོས་ཚོགས་ནས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་དབྱང་ཆབ་སྲིད་ཅུའུ་རུ་གྲོས་ཚོགས་བསྡུས་ནས་མིག་སྔའི་དཔལ་འབྱོར་གནས་བབ་དང་དཔལ་འབྱོར་བྱ་བར་དབྱེ་ཞིབ་དང་ཞིབ་འཇུག་བྱེད་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་གྱིས་ཕྱོགས་སོ་སོའི་འཕེལ་རྒྱས་ཀྱི་ཡིད་ཆེས་སྔར་ལས་ཇེ་བརྟན་དུ་གཏོང་བ་དང་། དཀའ་ཁག་དང་འགྲན་རྩོད་ལ་ཁ་གཏད་འཇལ་བ། དཔལ་འབྱོར་རྒྱུན་མཐུད་ངང་བསྐྱར་འཕར་བཟང་འཕེལ་གྱི་རྨང་གཞི་སྲ་བརྟན་དུ་གཏོང་བའི་ཐད་མདུན་སྐྱོད་ཀྱི་ཁ་ཕྱོགས་དང་ཤུགས་འདོན་ས་གསལ་སྟོན་བྱས་ཡོད་པས། བསམ་བློ་དང་བྱ་སྤྱོད་གཉིས་ཏང་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་གལ་ཆེན་སྟེང་གཅིག་གྱུར་བྱེད་པ་དང་། བརྟན་ཐོག་ཡར་འཕེལ་གྱི་བྱ་བའི་སྤྱིའི་དགོངས་གཞི་རྒྱུན་འཁྱོངས་བྱེད་པ། ལས་ཞུགས་བརྟན་འཇགས་དང་ཁེ་ལས་བརྟན་འཇགས། ཚོང་ར་བརྟན་འཇགས། སྔོན་དཔག་བརྟན་འཇགས་བཅས་གཏོང་བའི་ཐད་ཤུགས་འདོན་པ། ཚོང་འགུག་དངུལ་འདྲེན་འོས་སྦྱོར་གྲོས་ཚོགས་ཀྱི་གྲུབ་འབྲས་བསྒྱུར་བ། འཛད་སྤྱོད་དངོས་རྫས་རྙིང་ཚབ་གསར་བརྗེ་བྱེད་པར་རྒྱབ་སྐྱོར་བྱེད་པའི་ནུས་ཤུགས་ཇེ་ཆེར་གཏོང་བ། འཛད་སྤྱོད་མཐོར་འདེགས་ཀྱི་ཆེད་དོན་འགུལ་སྐྱོད་ལག་བསྟར་ཟབ་མོ་བྱས་ནས། དཔལ་འབྱོར་བསྐྱར་འཕར་བཟང་འཕེལ་གྱི་གནས་བབ་རྒྱུན་མ་ཆད་པར་སྲ་བརྟན་དང་འཕེལ་རྒྱས་སུ་གཏོང་དགོས།

གྲོས་ཚོགས་ནས་ནན་གྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་དུས་ཚོད་དང་པོའི་ནང་ལེའོ་ཉིང་ལེའོ་དབྱང་གྲོང་ཁྱེར་པའེ་ཐཱ་ས་ཁུལ་གྱི་གསོལ་མགྲོན་ཁང་ཞིག་ལ་མེ་སྐྱོན་ཤོར་བའི་དོན་རྐྱེན་དང་ཀུའེ་ཀྲོའུ་པིས་ཅེ་ཆན་ཞི་གྲོང་ཁྱེར་གྱི་ཡུལ་སྐོར་གྲུ་གཟིངས་ཀྱི་དོན་རྐྱེན་ཐད་གནང་བའི་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་མཐའ་གཅིག་ཏུ་ལག་བསྟར་དོན་འཁྱོལ་བཟང་བོ་བྱེད་པ་དང་། བདེ་འཇགས་ཐོན་སྐྱེད་ཀྱི་འདུ་ཤེས་བརྟན་པོ་འཛུགས་པ། རྨོངས་ཚོད་སྣང་ཆུང་གི་བསམ་བློ་ཁྱད་སེལ་བྱེད་པ། བདེ་འཇགས་ཐོན་སྐྱེད་ཀྱི་འགན་འཁྲིའི་ལམ་ལུགས་ཇི་མ་ཇི་བཞིན་དུ་དོན་འཁྱོལ་བྱེད་པ། གཙོ་གནད་ཁྱབ་ཁོངས་དང་གཙོ་གནད་ཡུལ་གནས། ཉམས་ཞན་དུས་རིམ་བཅས་གཙིགས་སུ་འཛིན་པ། བདེ་འཇགས་ཐོན་སྐྱེད་ཀྱི་རྩ་བཅོས་མཁྲེགས་གཏོར་གྱི་ལོ་གསུམ་གྱི་འགུལ་སྐྱོད་སྣེ་ཁྲིད་དུ་བྱེད་པ། ཉེན་ཁར་ཕྱོགས་ཡོངས་ནས་གྲལ་བཤེར་བྱེད་པ། བདེ་འཇགས་ཐོན་སྐྱེད་ཀྱི་བྱེད་ཐབས་ཇེ་དྲག་ཏུ་བཏང་སྟེ། དོན་རྐྱེན་ཆེན་པོ་འབྱུང་བར་མཐའ་གཅིག་ཏུ་བཀག་འགོག་བྱེད་དགོས།

གྲོས་ཚོགས་ནས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཐུན་མོང་སློབ་སྦྱོང་ཐེངས་ཉི་ཤུ་པའི་སྐབས་སུ་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དང་མི་ཐབས་རིག་ནུས་སྐོར་གྱི་རྒྱས་བཤད་གལ་ཆེན་གྱི་དགོངས་དོན། ཧྲང་ཧེ་རུ་གཟིགས་ཞིབ་མཛད་སྐབས་དང་མགོ་འཛིན་མཛད་དེ་ཞིང་ཆེན་དང་རང་སྐྱོང་ལྗོངས། གྲོང་ཁྱེར་སྐོར་ཞིག་གི་ལོ་ལྔའི་འཆར་འགོད་བཅོ་ལྔ་པའི་སྐབས་ཀྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཀྱི་བཞུགས་མོལ་ཚོགས་འདུ་བསྡུ་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་བཅས་སློབ་སྦྱོང་ཟབ་མོ་དང་རྒྱུས་ལོན་གསལ་བོ་བྱེད་དགོས། ཤར་རྒྱུད་ས་ཁུལ་བར་གྱི་གཞི་གྲངས་ཐད་ནས་མཚོ་སྔོན་ལ་རོགས་སྐྱོར་བྱེད་པའི་མཉམ་ལས་གཏིང་ཟབ་ཏུ་སྤེལ་བ་དང་། ལག་རྩལ་གསར་གཏོད་བྱེད་པར་ཤུགས་སྣོན་པ། ལམ་ལུགས་ཀྱི་འགན་སྲུང་འཐུས་ཚང་དུ་བཏང་ནས། མི་ཐབས་རིག་ནུས་ཀྱིས་མཚོ་སྔོན་གྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་གཏོང་བའི་ཐད་ནུས་ཤུགས་འདོན་པར་སྐུལ་འདེད་གཏོང་དགོས། ཚན་རིག་དང་མཐུན་པ་དང་གནད་ལ་འཁེལ་བའི་སྒོ་ནས་དམིགས་འབེན་ལས་འགན་གཏན་ཁེལ་བྱེད་པ། རང་ཞིང་གི་ལོ་ལྔའི་འཆར་འགོད་བཅོ་ལྔ་པའི་འཕེལ་རྒྱས་ཀྱི་བསམ་ཕྱོགས་དང་བྱེད་ཐབས་ཇུས་འགོད་བཟང་བོ་བྱས་ཏེ། འཆར་འགོད་གྲོས་གཞིས་ལག་ལེན་དང་ལོ་རྒྱུས་ཀྱི་ཞིབ་དཔྱད་ཐེག་ཐུབ་པར་ཁག་ཐེག་བྱེད་དགོས།

གྲོས་ཚོགས་ནས་ནན་གྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཞེ་དབྱི་ཐི་སློབ་ཆུང་མཐའ་སྲུང་སློབ་གསོ་རོགས་སྐྱོར་ནུབ་རྒྱུད་འཆར་གཞིའི་དང་བླངས་ཞབས་ཞུའི་རུ་ཁག་གི་རུ་མི་ཚོར་སྤྲིངས་པའི་འཕྲིན་ལན་གྱི་དགོངས་དོན་དང་། ནམ་ཟླ་དང་དྲང་གཞག་ཚུལ་སྒྱུར་གྱི་མགོ་ཁྲིད་མི་སྣའི་རྩེ་ཚོགས་སྟེང་ཕུལ་བའི་ཤིས་ཚིག་གི་དགོངས་དོན་སློབ་སྦྱོང་དང་རྒྱུས་ལོན་ཟབ་མོ་བྱེད་དགོས། ན་གཞོན་ཚོར་འབྲེལ་འདྲིས་ཟབ་མོ་བྱེད་པ་དང་། འཚར་ལོངས་ཀྱི་གར་སྟེགས་བསྐྲུན་ནས། རྒྱ་ཆེའི་ན་གཞོན་ཚོ་དེང་རབས་ཅན་འཛུགས་སྐྲུན་ཁྲོད་ཞུགས་པར་སྣེ་ཁྲིད་བྱེད་དགོས། སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་གསར་སྐྲུན་བྱེད་པ་དང་། རྒྱལ་ཁབ་སྤྱི་གླིང་གཙོ་གཞི་རུ་བྱས་པའི་རང་བྱུང་སྲུང་སྐྱོབ་ས་ཆའི་མ་ལག་འཐུས་ཚང་དུ་གཏོང་བ། སྐྱེ་ཁམས་ཐོན་རྫས་ཀྱི་རིན་ཐང་མངོན་འགྱུར་བྱེད་པའི་ཐབས་ལམ་རྒྱ་བསྐྱེད་དེ། ཀྲུང་ཧྭའི་ཆུ་མཛོད་ལ་སྲུང་སྐྱོབ་བཟང་བོ་བྱེད་དགོས།

གྲོས་ཚོགས་ནས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་ཧྭ་རྒྱལ་ཡོངས་སྤྱིའི་བཟོ་ཚོགས་བཙུགས་ནས་ལོ་བརྒྱ་འཁོར་བར་རྟེན་འབྲེལ་ཞུ་བ་དང་རྒྱལ་ཡོངས་ངལ་རྩོལ་དཔེ་ལེགས་ཅན་དང་སྔོན་ཐོན་བྱ་བ་སྒྲུབ་མཁན་གྱི་གཟེངས་བསྟོད་ཚོགས་ཆེན་སྟེང་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་ནན་མོ་དང་ལག་ལེན་མཐར་ཕྱིན་བྱེད་པ་དང་། ཏང་གི་བཟོ་པའི་ལས་འགུལ་བྱ་གཞག་དང་བཟོ་ཚོགས་བྱ་བའི་ཐད་ཀྱི་ཕྱོགས་ཡོངས་ཀྱི་མགོ་ཁྲིད་རྒྱུན་འཁྱོངས་བྱེད་པ། ངལ་རྩོལ་དཔེ་ལེགས་ཅན་གྱི་སྙིང་སྟོབས་དང་ངལ་རྩོལ་སྙིང་སྟོབས། བཟོ་སྐྲུན་པའི་སྙིང་སྟོབས་དར་སྤེལ་བཏང་སྟེ། རྒྱ་ཆེའི་ལས་བཟོ་པ་དང་ངལ་རྩོལ་མང་ཚོགས་ཀྱིས་སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་གསར་སྐྲུན་བྱེད་པ་དང་། ཐོན་ལས་ཀྱི་གནས་བཞི་འཛུགས་སྐྲུན་བྱེད་པའི་ཁྲོད་བྱས་རྗེས་སྔར་ལས་ཆེན་པོ་འཇོག་པར་སྐུལ་སློང་བྱེད་དགོས།

ཚོགས་ཐོག་ནས་ནན་གྱིས་བསྟན་དོན། ཀྲུང་དབྱང་ཏང་གི་འཛུགས་སྐྲུན་བྱ་བའི་མགོ་ཁྲིད་ཚན་ཆུང་གི་གྲོས་ཚོགས་ཐེངས་བཅུ་གཉིས་པ་དང་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལག་བསྟར་བྱེད་པའི་སློབ་སྦྱོང་སློབ་གསོའི་ཀྲུང་དབྱང་མཛུབ་སྟོན་ཚན་ཆུང་གི་གསོ་སྦྱོང་གྲོས་ཚོགས་ཀྱི་དགོངས་དོན་མཐའ་གཅིག་ཏུ་ལག་བསྟར་ཟབ་མོ་བྱེད་པ་དང་། འབུར་ཐོན་གྱི་གནད་དོན་ཐད་གཅོད་ནན་མོ་བྱས་ཏེ། སློབ་སྦྱོང་སློབ་གསོ་ནན་ཏན་སྒོས་སྤེལ་དགོས།

ཚོགས་ཐོག་ཏུ་ད་དུང་ཞིང་ཆེན་ཏང་སྲིད་འཐུས་ཚབ་ཚོགས་པ་ཅང་སུའུ་དང་ཀྲེ་ཅང་དུ་སོང་ནས་ལྟ་ཞིབ་སློབ་སྦྱོང་བྱས་པ་དང་ཚོང་འགུག་དངུལ་འདྲེན་བྱ་བ་སྤེལ་བའི་གནས་ཚུལ་ཐད་ཀྱི་སྙན་ཞུ་ལ་ཉན།

རིན་ཆེན་མཚོས་བསྒྱུར།