མཚོ་སྔོན་བཟོ་ཚོགས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་ཧྭ་རྒྱལ་ཡོངས་སྤྱིའི་བཟོ་ཚོགས་བཙུགས་ནས་ལོ་བརྒྱ་འཁོར་བར་རྟེན་འབྲེལ་ཞུ་བ་དང་རྒྱལ་ཡོངས་ངལ་རྩོལ་དཔེ་ལེགས་ཅན་དང་སྔོན་ཐོན་བྱ་བ་སྒྲུབ་མཁན་གྱི་གཟེངས་བསྟོད་ཚོགས་ཆེན་སྟེང་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་པའི་བཞུགས་མོལ་ཚོགས་འདུ་ཟླ5པའི་ཚེས6ཉིན་ཟི་ལིང་དུ་འཚོགས། གྲོས་ཚོགས་ཀྱི་སྔོན་དུ། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཝུའུ་ཞའོ་ཅུན་དང་། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ལའོ་ཏུང་ཁྲོན་གྱིས་རང་ཞིང་གི་གཟེངས་བསྟོད་ཐོབ་པའི་རྒྱལ་ཡོངས་ངལ་རྩོལ་དཔེ་ལེགས་ཅན་དང་སྔོན་ཐོན་བྱ་བ་སྒྲུབ་མཁན་ལ་ཐུག་འཕྲད་བྱས།
ཝུའུ་ཞའོ་ཅུན་དང་ལའོ་ཏུང་ཁྲོན་གྱིས་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ཚབ་བྱས་ནས་ཚང་མར་བླ་ན་མེད་པའི་གུས་འདུད་ཞུས་པ་དང་། ཚང་མས་བྱས་རྗེས་ཆེན་པོ་བཞག་པར་བཀའ་དྲིན་ཞུས། ཁོ་ཚོས་བཤད་རྒྱུར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱིས་བཟོ་པའི་ལས་འགུལ་གྱི་བྱ་གཞག་དང་བཟོ་ཚོགས་བྱ་བར་ཧ་ཅང་མཐོང་ཆེན་བྱེད་པ་དང་། བཟོ་པ་གྲལ་རིམ་དང་རྒྱ་ཆེའི་ངལ་རྩོལ་མང་ཚོགས་ལ་ཐུགས་ཁུར་བྱེད་པ་མཚོན། ཚང་མ་ཏང་གི་བཀའ་ལ་ཉན་པ་དང་ཏང་གི་རྗེས་སུ་འབྲངས་པའི་དཔེ་མཚོན་བྱེད་པ་དང་། བསམ་བློ་དང་ཆབ་སྲིད། བྱ་སྤྱོད་ཀྱི་སྟེང་ནས་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་དང་ཚད་མཐོའི་གཅིག་གྱུར་བྱེད་པ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དང་མཚོ་སྔོན་གྱི་བྱ་བའི་ཐད་ཀྱི་བླང་བྱ་གལ་ཆེན་ཟུང་འབྲེལ་བྱེད་པ། མཚན་སྙན་ལ་གཅེས་སྤྲས་བྱེད་པ་དང་མངག་བཅོལ་སེམས་ལ་བརྟན་པོར་འཛིན་པ། དྲིན་བསམ་མདུན་སྐྱོད་བྱེད་པ། ངལ་རྩོལ་པའི་སྣེ་ཁྲིད་དེ་ནམ་ཡང་ཏང་དང་སེམས་གཅིག་ཕྱོགས་མཚུངས་བྱས་ནས། མཉམ་དུ་མཚོ་སྔོན་གྱི་ལས་དོན་སྣ་ཚོགས་སྔར་ལས་བཟང་བོར་བསྒྲུབ་དགོས། སྐྱོད་ལམ་གསར་པར་ཧུར་ཐག་གིས་བསྐྱོད་པའི་དཔེ་མཚོན་བྱེད་པ་དང་། སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་གསར་སྐྲུན་བྱེད་པ་དང་ཐོན་ལས་ཀྱི་གནས་བཞི་འཛུགས་སྐྲུན་བྱེད་པ། ཚན་རྩལ་གསར་གཏོད་དང་ཐོན་ལས་གསར་གཏོད་མཉམ་བསྲེས་སྒོས་འཕེལ་རྒྱས་སུ་གཏོང་བར་སྐུལ་འདེད་གཏོང་བ། སྤུས་གསར་ཐོན་སྐྱེད་ནུས་ཤུགས་སྐྱེད་སྲིང་བྱེད་པ་བཅས་ཀྱི་སྟེང་སྣེ་ཁྲིད་དཔེ་སྟོན་གྱི་ནུས་པ་འདོན་སྤེལ་བྱས་ཏེ། རང་ཞིང་གི་ལས་རིགས་སྣ་ཚོགས་དང་འཐབ་ཕྱོགས་སོ་སོའི་ངལ་རྩོལ་པས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་མཚོ་སྔོན་གྱི་ལག་ལེན་ཐད་བྱས་རྗེས་སྔར་ལས་ཆེན་པོ་འཇོག་པར་སྣེ་ཁྲིད་བྱེད་དགོས། ཡིད་ཆེས་ཇེ་བརྟན་དུ་གཏོང་བ་དང་དངོས་སྒྲུབ་སྔོན་བརྩོན་གྱི་དཔེ་མཚོན་བྱེད་པ་དང་། རང་སོ་སོའི་ལས་རྐང་སྟེང་མུ་མཐུད་དུ་སྔོན་གྲལ་དུ་བསྐྱོད་པ་དང་མིག་དཔེ་བྱེད་པ། རྒྱ་ཆེའི་ལས་བཟོ་པ་དང་མང་ཚོགས་ལ་མཐུན་སྒྲིལ་སྣེ་ཁྲིད་བྱས་ནས་ངལ་རྩོལ་དཔེ་ལེགས་ཅན་གྱི་སྙིང་སྟོབས་དང་ངལ་རྩོལ་གྱི་སྙིང་སྟོབས། བཟོ་སྐྲུན་པའི་སྙིང་སྟོབས་དར་སྤེལ་བྱས་ཏེ། ཕུལ་དུ་བྱུང་བའི་བྱ་བའི་གྲུབ་འབྲས་ལ་བརྟེན་ནས་ལོ་ལྔའི་འཆར་འགོད་བཅུ་བཞི་པའི་མཇུག་བཟང་བོར་བསྡུ་བ་དང་ལོ་ལྔའི་འཆར་འགོད་བཅོ་ལྔ་པའི་མགོ་བཟང་བོ་རྩོམ་པའི་རྨང་གཞི་བརྟན་པོ་འདིང་དགོས། རིམ་པ་སོ་སོའི་ཏང་ཨུ་དང་སྲིད་གཞུང་གིས་བཟོ་ཚོགས་ལ་སེམས་ཁུར་མཐོང་ཆེན་བྱེད་པ་དང་བཟོ་ཚོགས་ལ་མགོ་ཁྲིད་བྱེད་པར་ཤུགས་སྣོན་པ། སྤྱི་ཚོགས་ཡོངས་སུ་ངལ་རྩོལ་དཔེ་ལེགས་ཅན་ལ་བརྩི་བཀུར་བྱེད་པ་དང་ངལ་རྩོལ་དཔེ་ལེགས་ཅན་ལ་གཟིགས་སྐྱོང་བྱེད་པ། ངལ་རྩོལ་དཔེ་ལེགས་ཅན་དྲིལ་སྒྲོག་བྱེད་པའི་སྣང་ཚུལ་བཟང་བོ་གྲུབ་པར་བྱེད་པ། ངལ་རྩོལ་པ་ནི་ཆེས་གཟི་བརྗིད་ལྡན་པ་དང་ངལ་རྩོལ་ཆེས་བླ་ན་མེད་པ། ངལ་རྩོལ་ཆེས་རླབས་ཆེ་བ། ངལ་རྩོལ་ཆེས་མཛེས་སྡུག་ལྡན་པའི་དབྱངས་རྟ་གཙོ་བོ་དཀྲོལ་དགོས།
ཚོགས་ཐོག་ནས། ཞིང་ཆེན་ཡོངས་ཀྱི་རིམ་པ་སོ་སོའི་བཟོ་ཚོགས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་དྲིལ་སྒྲོག ལག་བསྟར་བཟང་བོ་བྱེད་རྒྱུ་དེ་མིག་སྔར་དང་རྗེས་ཕྱོགས་ཀྱི་དུས་སྐབས་ཤིག་གི་ཆབ་སྲིད་ལས་འགན་གལ་ཆེན་དུ་བརྩི་བ་དང་། དགོངས་དོན་གྱི་ངོ་བོ་དང་ནང་དོན་གཙོ་བོ་དང་ལག་ལེན་གྱི་རེ་བ་སློབ་སྦྱོང་དང་དེར་རྒྱུས་ལོན་ཟབ་མོ་བྱས་ཏེ། དུས་རབས་གསར་པའི་སྐྱོད་ལམ་གསར་པའི་བཟོ་ཚོགས་བྱ་བ་བཟང་བོར་སྒྲུབ་པའི་ཆབ་སྲིད་ཀྱི་རང་རྟོགས་དང་བསམ་བློའི་རང་རྟོགས། འགུལ་སྐྱོད་ཀྱི་རང་རྟོགས་ཇེ་དྲག་ཏུ་གཏོང་དགོས། རྣམ་པ་སྣ་མང་དང་ནང་དོན་ཕུན་སུམ་ཚོགས་པའི་དྲིལ་སྒྲོག་སྒྲོག་འགྲེལ་བྱ་འགུལ་རྒྱ་ཆེར་སྤེལ་ནས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ཁེ་ལས་སུ་བསྐྱོད་པ་དང་འཁོར་ཁང་དུ་བསྐྱོད་པ། ཚན་ཁག་ཏུ་བསྐྱོད་པ། སེམས་ཁོང་དུ་འཇགས་པར་སྐུལ་འདེད་གཏོང་དགོས། ཤེས་སྤྱོད་གཅིག་གྱུར་དང་སྦྱངས་པ་བཀོལ་སྤྱོད་བྱེད་རྒྱུ་རྒྱུན་འཁྱོངས་བྱས་ཏེ། སློབ་སྦྱོང་གི་གྲུབ་འབྲས་དེ་དུས་རབས་གསར་པའི་སྐྱོད་ལམ་གསར་པའི་མཚོ་སྔོན་གྱི་བཟོ་ཚོགས་བྱ་བ་སྤུས་ཚད་མཐོ་བའི་ངང་འཕེལ་རྒྱས་སུ་གཏོང་བའི་གྲུབ་འབྲས་དངོས་སུ་བསྒྱུར་དགོས་པའི་རེ་བ་བཏོན།
ཚོགས་ཐོག་ནས་འབྲེལ་ཡོད་ཀྱི་གསུང་བཤད་དང་གྲོས་ཚོགས་ཀྱི་དགོངས་དོན་སློབ་སྦྱོང་དང་བརྒྱུད་སྒྲོག་བྱས། རང་ཞིང་གི་རྒྱལ་ཡོངས་ངལ་རྩོལ་དཔེ་ལེགས་ཅན་དང་སྔོན་ཐོན་བྱ་བ་སྒྲུབ་མཁན་གྱི་འཐུས་མི་དང་། ཞིང་ཆེན་སྤྱིའི་བཟོ་ཚོགས་ཀྱི་འབྲེལ་ཡོད་སྡེ་ཁག ཡུས་ཧྲུའུ་ཁུལ་སྤྱིའི་བཟོ་ཚོགས། མཚོ་སྔོན་གནམ་གྲུ་ཐང་ཀུང་ཟིའི་བཟོ་ཚོགས་བཅས་ཀྱིས་བརྗེ་རེས་གཏམ་བཤད་སྤེལ།
ཝང་ཏ་ནན་དང་ཀྲུའུ་ཞང་ཧྥིན། ཝང་ཧའེ་ཧུང་བཅས་འབྲེལ་ཡོད་བྱ་འགུལ་ལ་ཞུགས།
རིན་ཆེན་མཚོས་བསྒྱུར།