ཏེན་ཞུའེ་ཞང《ཞི་ཅིན་ཕིང་གི་དཔལ་འབྱོར་རྩོམ་ཡིག་བདམས་བཀོད》ཀྱི་པོད་དང་པོར་སློབ་སྦྱོང་བྱེད་པའི་ཆེད་དོན་བགྲོ་གླེང་འཛིན་གྲྭར་ཞུགས་པར་མ་ཟད་སྙན་ཞུ་ཕུལ།
2025.05.07 ཁུངས། ཀློག་གྲངས། 0

《ཞི་ཅིན་ཕིང་གི་དཔལ་འབྱོར་རྩོམ་ཡིག་བདམས་བཀོད》པོད་དང་པོར་སློབ་སྦྱོང་བྱེད་པའི་ཆེད་དོན་བགྲོ་གླེང་འཛིན་གྲྭ་ཚེས6ཉིན་གྱི་སྔ་དྲོར་འཚོགས་མགོ་བརྩམས་པ་དང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཏེན་ཞུའེ་ཞང་གིས་འཛིན་གྲྭ་མགོ་རྩོམ་པའི་སྙན་ཞུ་ཕུལ།

ཏེན་ཞུའེ་ཞང་གིས་བསྟན་དོན། ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཚུན་ལ། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་དཔལ་འབྱོར་བྱ་བའི་གཅིག་སྡུད་གཅིག་གྱུར་གྱི་མགོ་ཁྲིད་ལ་ཤུགས་སྣོན་བྱས་པ་དང་། འདུ་ཤེས་གསར་པ་དང་བསམ་བློ་གསར་པ། འཐབ་ཇུས་གསར་པ་རབ་དང་རིམ་པ་བཏོན་ནས་ཞི་ཅིན་ཕིང་གི་དཔལ་འབྱོར་དགོངས་པ་གྲུབ་པར་བྱས་ཤིང་། མར་ཁེ་སི་རིང་ལུགས་ཀྱི་ཆབ་སྲིད་དཔལ་འབྱོར་རིག་པའི་ཁྱབ་ཁོངས་གསར་པ་བདེ་བླག་ངང་གསར་འབྱེད་བྱས། ཏང་གི་ཚན་རིག་གཞུང་ལུགས་དང་རླབས་ཆེ་བའི་ལག་ལེན་འགྲོས་མཐུན་མཉམ་སྐྱོད་བྱས་ཏེ། རང་རྒྱལ་གྱི་དཔལ་འབྱོར་འཕེལ་རྒྱས་ཐད་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ལེན་པ་དང་ལོ་རྒྱུས་རང་བཞིན་གྱི་འཕོ་འགྱུར་འབྱུང་བར་ཁྲིད་སྟོན་བྱས་པས། ཞི་ཅིན་ཕིང་གི་དཔལ་འབྱོར་དགོངས་པའི་གཞུང་ལུགས་ཀྱི་དོན་སྙིང་དང་ལག་ལེན་གྱི་དོན་སྙིང་། འཇིག་རྟེན་གྱི་དོན་སྙིང་གལ་ཆེན་མངོན་པར་བྱས་ཡོད།

ཏེན་ཞུའེ་ཞང་གིས་བསྟན་དོན། ཞི་ཅིན་ཕིང་གི་དཔལ་འབྱོར་དགོངས་པའི་སྲོག་ཤིང་སྙིང་བོ་དང་ལག་ལེན་བླང་བྱར་གོ་བ་གཏིང་ཟབ་ལེན་པ་དང་། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་བརྟེན་ནས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་དགོས། མི་དམངས་དཀྱིལ་སྙིང་དུ་འཛིན་པ་རྒྱུན་འཁྱོངས་དང་། དམངས་སེམས་ནི་ཆེས་ཆེ་བའི་ཆབ་སྲིད་ཡིན་པ་བློ་ལ་བརྟན་པོར་ངེས་དགོས་ལ། འཕེལ་རྒྱས་གྲུབ་འབྲས་ཀྱིས་མི་དམངས་ཡོངས་ལ་སྔར་ལས་མང་ཞིང་སྔར་ལས་དྲང་གཞག་གིས་ཕན་འདོགས་དགོས། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ཆ་ཚང་ཞིང་ཡང་དག་ལ་ཕྱོགས་ཡོངས་ནས་ལག་བསྟར་བྱེད་པ་རྒྱུན་འཁྱོངས་དང་། འཕེལ་རྒྱས་ཀྱི་རྣམ་པ་གསར་པ་མགྱོགས་མྱུར་སྒོས་འཛུགས་སྐྲུན་བྱས་ཏེ། དཔལ་འབྱོར་ཀྱི་སྤུས་ཚད་ནུས་ལྡན་ངང་མཐོར་འདེགས་དང་གྲངས་ཚད་ལུགས་མཐུན་ངང་འཕར་སྣོན་ཡོང་བར་སྐུལ་འདེད་གཏོང་དགོས། ཚན་རིག་དང་མཐུན་པའི་བསམ་བློའི་བྱེད་ཐབས་དང་བྱ་བའི་བྱེད་ཐབས་རྒྱུན་འཁྱོངས་བྱེད་པ་དང་། འཐབ་ཇུས་ངེས་ཤུགས་སྲུང་འཛིན་བྱེད་པ། བརྟན་ཐོག་ཡར་འཕེལ་རྒྱུན་འཁྱོངས་བྱེད་པ། མ་ལག་འདུ་ཤེས་ཇེ་དྲག་ཏུ་བཏང་ནས་འཕེལ་རྒྱས་དང་བདེ་འཇགས་ཐད་སྔར་ལས་ལེགས་པོའི་གཅིག་འདོམས་བྱེད་དགོས།

ཏེན་ཞུའེ་ཞང་གིས་ནན་གྱིས་བསྟན་དོན། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་གཅིག་སྡུད་གཅིག་གྱུར་གྱི་མགོ་ཁྲིད་ནི་རང་རྒྱལ་གྱི་དཔལ་འབྱོར་བརྟན་བརླིང་ངང་ཡུན་རིང་དུ་བསྐྱོད་པའི་རྩ་བའི་ཁག་ཐེག་ཡིན་པས། རིམ་པ་སོ་སོའི་མགོ་ཁྲིད་ལས་བྱེད་པས་གཏན་ཕབ་གཉིས་ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ཐད་ངོས་འཛིན་མུ་མཐུད་དུ་གཏིང་ཟབ་ཏུ་གཏོང་བ་དང་། ཆབ་སྲིད་ཀྱི་མཐོ་ཚད་ནས་དཔལ་འབྱོར་བྱ་བ་སྒྲུབ་པར་སྔར་ལས་མཐོང་ཆེན་བྱེད་པ། ནུས་པ་དང་ཆུ་ཚད་མཐོ་རུ་གཏོང་བ་དང་བྱ་བའི་སྤྱོད་ཚུལ་ལེགས་སྒྱུར་བྱས་ཏེ། ཏང་ཀྲུང་དབྱང་གི་འཐབ་ཇུས་བཀོད་སྒྲིག་དོན་འཁྱོལ་བྱས་ནས་ཕན་འབྲས་ཐོན་པར་འགན་སྲུང་བྱ་དགོས།

ཧྲི་ཐའེ་ཧྥིན་གྱིས་མགོ་འཛིན་བྱས་པ་དང་། ཁྲིན་ཞི་མགོ་རྩོམ་མཛད་སྒོར་ཞུགས།

ཤ་བོ་གསེར་མཚོས་བསྒྱུར།