ཏེན་ཞུའེ་ཞང་གིས་སོ་ཏི་ཨ་རབ་རྒྱལ་ཁབ་རྡོ་སྣུམ་ཀུང་ཟིའི་རྐང་གཉེར་དབུ་གཙོ་ལུའུ་མཱེ་ཡན་ལ་མཇལ་འཕྲད་གནང་། 
2025.05.09 ཁུངས། ཀློག་གྲངས། 0

ཟླ5པའི་ཚེས8ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཏེན་ཞུའེ་ཞང་གིས་པེ་ཅིང་དུ་སོ་ཏི་ཨ་རབ་རྒྱལ་ཁབ་རྡོ་སྣུམ་ཀུང་ཟིའི་རྐང་གཉེར་དབུ་གཙོ་ལུའུ་མཱེ་ཡན་ལ་མཇལ་འཕྲད་གནང་། 

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཏེན་ཞུའེ་ཞང་གིས་ཚེས8ཉིན་པེ་ཅིང་དུ་སོ་ཏི་ཨ་རབ་རྒྱལ་ཁབ་རྡོ་སྣུམ་ཀུང་ཟིའི་རྐང་གཉེར་དབུ་གཙོ་ལུའུ་མཱེ་ཡན་ལ་མཇལ་འཕྲད་གནང་། 

ཏེན་ཞུའེ་ཞང་གིས་བསྟན་དོན། ཀྲུའུ་ཞི་ཞི་ཅིན་ཕིང་དང་རྒྱལ་བོ་སཱ་ལེ་མན་དང་རྒྱལ་རྒྱུད་དང་དབུ་བཞུགས་བློན་ཆེན་གྱི་འགན་གཅིག་ལྕོགས་སུ་འཁུར་མཁན་མུའུ་ཧན་མཱོ་ཏི་བཅས་ཀྱི་འཐབ་ཇུས་སྣེ་ཁྲིད་འོག ཀྲུང་གོ་དང་སོ་ཏི་ཨ་རབ་ཀྱི་ཁྱོན་ཡོངས་ཀྱི་འཐབ་ཇུས་རོགས་རེས་འབྲེལ་བ་འཕེལ་རྒྱས་ཆེན་པོ་བྱུང་ཡོད་ལ། ཁྱབ་ཁོངས་སོ་སོའི་མཉམ་ལས་རྒྱུན་མཐུད་ངང་གཏིང་ཟབ་ཏུ་ཕྱིན་ཡོད། སོ་ཏི་ཨ་རབ་རྒྱལ་ཁབ་རྡོ་སྣུམ་ཀུང་ཟི་དུས་ཡུན་རིང་པོར་ཀྲུང་གོའི་བཅོས་སྒྱུར་སྒོ་འབྱེད་དང་དེང་རབས་ཅན་འཛུགས་སྐྲུན་ཁྲོད་ཧུར་ཐག་གིས་ཞུགས་པས་རང་སྟེང་ནས་འཕེལ་རྒྱས་ཆེན་པོ་བླངས་ཡོད། ཕྱོགས་གཉིས་ཀྱིས་མུ་མཐུད་དུ་ནུས་ཁུངས་རྫས་འགྱུར་བཟོ་ལས་སོགས་སྲོལ་རྒྱུན་ཁྱབ་ཁོངས་ཀྱི་མཉམ་ལས་གཏིང་ཟབ་ཏུ་གཏོང་བ་དང་།  ཚན་རྩལ་གསར་སྐྲུན་དང་ལྗང་མདོག་ཚུལ་སྒྱུར་མཉམ་ལས་ཧུར་ཐག་གིས་སྤེལ་བ། ལག་རྡང་སྦྲེལ་ནས་གོ་ལ་ཧྲིལ་བོའི་ཐོན་ལས་ཕྲེང་འབྲེལ་དང་མཁོ་སྤྲོད་ཕྲེང་འབྲེལ། ཕྱོགས་མང་ཉོ་ཚོང་ལམ་སྲོལ་ལ་སྲུང་སྐྱོབ་བྱས་ཏེ། ཀྲུང་གོ་དང་སོ་ཏི་ཨ་རབ་བར་གྱི་འབྲེལ་བ་དང་འཛམ་གླིང་དཔལ་འབྱོར་འཕེལ་རྒྱས་ཐད་བྱས་རྗེས་སྔར་ལས་ཆེན་པོ་འཇོག་རྒྱུའི་རེ་བ་ཡོད།

ལུའུ་མཱེ་ཡན་གྱིས་བསྟན་དོན། ཀྲུང་གོ་ནི་འཛམ་གླིང་སྟེང་ངེས་གཏན་མིན་པའི་རང་བཞིན་ཁྲོད་ཀྱི་གཏན་འཁེལ་རང་བཞིན་ལྡན་པའི་ཆ་དེ་ཡིན་པས། སོ་ཏི་ཨ་རབ་རྒྱལ་ཁབ་རྡོ་སྣུམ་ཀུང་ཟིས་ཀྲུང་གོའི་འཕེལ་རྒྱས་ཀྱི་མདུན་ལྗོངས་ལ་ཐོག་མཐའ་བར་གསུམ་དུ་ལྟ་སྟངས་ཡག་པོ་འཛིན་བཞིན་ཡོད་ལ། ཀྲུང་གོའི་བར་གྱི་དངུལ་གཏོང་ཉོ་ཚོང་མཉམ་ལས་སྔར་ལས་རྒྱ་བསྐྱེད་དེ་རྒྱལ་ཁབ་གཉིས་ཀྱི་དཔལ་འབྱོར་ཉོ་ཚོང་མཉམ་ལས་ཐད་བྱས་རྗེས་འཇོག་འདོད་ཡོད་ཟེར།

ཤ་བོ་གསེར་མཚོས་བསྒྱུར།