ས་གནས་དེ་གའི་ཟླ5པའི་ཚེས8ཉིན་གྱི་ཕྱི་དྲོར། ཨུ་རུ་སིའི་ཙུང་ཐུང་ཕུའུ་ཅིན་གྱིས་ཀྲུང་གོ་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་དང་མཉམ་དུ་མའོ་སི་ཁོ་ཡི་ཁི་ལིས་མུའུ་ལིན་ཕོ་བྲང་གི་ཙུང་ཐུང་གཞུང་སྒྲུབ་ཁང་དུ་ཇ་མོལ་མཛད།
ས་གནས་དེ་གའི་ཟླ5པའི་ཚེས8ཉིན། ཨུ་རུ་སིའི་ཙུང་ཐུང་ཕུའུ་ཅིན་གྱིས་ཀྲུང་གོ་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་དང་མཉམ་དུ་ཁི་ལིས་མུའུ་ལིན་ཕོ་བྲང་གི་ཙུང་ཐུང་གཞུང་སྒྲུབ་ཁང་དུ་ཇ་མོལ་མཛད།
ཞི་ཅིན་ཕིང་གིས་བསྟན་དོན། འཛམ་གླིང་འདི་ཉིད་འགྱུར་ལྡོག་ཆེ་བའི་དུས་སྐབས་གསར་པ་ཞིག་ཏུ་སླེབས་ཡོད་པས། ཀྲུང་གོ་དང་ཨུ་རུ་སི་གཉིས་ཀྱིས་འཐབ་ཇུས་ཀྱི་ངེས་ཤུགས་སྲུང་འཛིན་བྱེད་པ་དང་འཐབ་ཇུས་མཉམ་ལས་རྒྱུན་འཁྱོངས་བྱས་ན། སྟོབས་ཤུགས་གང་རུང་གིས་རྒྱལ་ཁབ་གཉིས་འཕེལ་རྒྱས་ཆེན་པོ་འབྱུང་བར་བཀག་འགོག་བྱེད་མི་ཐུབ་ལ། ཀྲུང་གོ་དང་ཨུ་རུ་སིའི་མི་རབས་ནས་མི་རབས་བར་གྱི་མཛའ་བརྩེའི་དམངས་ཀྱི་འདོད་བློར་བཀག་འགོག་བྱེད་མི་ཐུབ་པར་མ་ཟད། འཛམ་གླིང་སྣེ་མང་ཅན་དང་དཔལ་འབྱོར་གོ་ལ་ཅན་གྱི་དུས་རབས་ཀྱི་རླབས་རྒྱུན་ལ་བཀག་འགོག་བྱེད་མི་ཐུབ། ངས་ཙུང་ཐུང་ཕུའུ་ཅིན་དང་མཉམ་དུ་འབྲེལ་བ་ཟབ་མོ་རྒྱུན་འཛིན་བྱེད་པ་དང་། ཀྲུང་གོ་དང་ཨུ་རུ་སིའི་འབྲེལ་བ་དམ་ཟབ་ཏུ་གྱུར་ཏེ། གོ་ལ་ཧྲིལ་བོའི་བཅོས་སྐྱོང་ལ་སྐུལ་འདེད་གཏོང་བར་བྱས་རྗེས་འཇོག་འདོད་ཡོད།
ཕུའུ་ཅིན་གྱིས་བསྟན་དོན། ཨུ་རུ་སི་དང་ཀྲུང་གོ་གཉིས་ཀྱིས་ཐོག་མཐའ་བར་གསུམ་དུ་སྐྱིད་སྡུག་མཉམ་མྱོང་དང་ཕན་ཚུན་རྒྱབ་སྐྱོར་བྱས་པས། རྒྱལ་ཁབ་གཉིས་ཀྱི་མཛའ་བརྩེར་ནམ་ཡང་འགྱུར་བ་མེད། ངས་ཀྲུའུ་ཞི་ཞི་ཅིན་ཕིང་དང་མཉམ་དུ་འཐབ་ཇུས་འབྲེལ་འདྲིས་ཟབ་མོ་སྲུང་འཛིན་བྱེད་པ་དང་། རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་འཕེལ་རྒྱས་འགྲོ་བར་འཐབ་ཇུས་ཀྱི་ཁྲིད་སྟོན་འདོན་སྤྲོད་བྱས་ནས། མཉམ་དུ་རྒྱལ་སྤྱིའི་རྙོག་འཛིང་གནས་བབ་ཀྱི་འགྲན་རྩོད་ལ་ཁ་གཏད་གཅོག་པ་དང་། ཕྱོགས་ཡོངས་ཀྱི་འཐབ་ཇུས་མཉམ་ལས་ཟབ་སྤེལ་བྱས་ཏེ། རྒྱལ་ཁབ་གཉིས་ཀྱི་ཐུན་མོང་ཁེ་ཕན་ལ་སྲུང་སྐྱོབ་བྱེད་པ་དང་། འཛམ་གླིང་འདི་ཉིད་དྲང་གཞག་དང་དམངས་གཙོ། སྣེ་མང་ཅན་བཅས་ཀྱི་ཕྱོགས་སུ་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་འདོད་ཡོད།
རྒྱལ་ཁབ་གཉིས་ཀྱི་གཙོ་འཛིན་གྱིས་ཝུའུ་ཁི་ལན་གྱི་ཉམས་ཉེན་སོགས་ཀྱི་གནད་དོན་ཐད་དགོངས་འཆར་བརྗེ་རེས་གནང་། ཞི་ཅིན་ཕིང་གིས་བསྟན་དོན། ཝུའུ་ཁི་ལན་གྱི་ཉམས་ཉེན་ཐད། ཀྲུང་གོའི་ཕྱོགས་ཀྱིས་ཐུན་མོང་དང་ཕྱོགས་བསྡུས། མཉམ་ལས། རྒྱུན་མཐུད་ཐུབ་པ་བཅས་ཀྱི་གོ་ལ་ཧྲིལ་བོའི་བདེ་འཇགས་ལྟ་བ་རྒྱུན་འཁྱོངས་བྱེད་པར་མ་ཟད་དར་སྤེལ་གཏོང་བ་དང་། རྒྱལ་ཁབ་སོ་སོའི་ལུགས་མཐུན་བདེ་འཇགས་ཐད་ཀྱི་དོ་ཁུར་ལ་མཐོང་ཆེན་བྱས་ནས་ཉམས་ཉེན་གྱི་འབྱུང་ཁུངས་གཙང་སེལ་བྱེད་དགོས་པར་འདོད། ཀྲུང་གོའི་ཕྱོགས་ཀྱིས་ཞི་བདེར་ཕན་པའི་འབད་བརྩོན་བྱེད་ཐབས་ཚང་མར་དགའ་བསུ་བྱས་ཏེ། གྲོས་མོལ་བརྒྱུད་ནས་འདྲ་མཉམ་དང་ཡུན་རིང་། ཚོད་འཛིན་ནུས་པ་ལྡན་པར་མ་ཟད་ཕྱོགས་སོ་སོས་དང་ལེན་བྱེད་ཐུབ་པའི་ཞི་བདེའི་གྲོས་ཆོད་འགོད་པར་རེ་སྒུག་བྱེད་བཞིན་ཡོད།
ཕུའུ་ཅིན་གྱིས་ཀྲུང་གོའི་ཕྱོགས་ཀྱིས་ཞི་བའི་སྒོ་ནས་ཝུའུ་ཁི་ལན་གྱི་ཉམས་ཉེན་གནད་དོན་ཐག་གཅོད་པའི་ཐད་ཀྱི་དངོས་ཡོད་འདྲ་མཉམ་གྱི་ལངས་ཕྱོགས་ལ་བསྔགས་བརྗོད་ཚད་མེད་བྱེད་ཀྱིན་ཡོད་པ་དང་། ཨུ་རུ་སིའི་ཕྱོགས་ཀྱིས་སྔོན་འགྲོའི་ཆ་རྐྱེན་མི་འདོན་པར་ཞི་བའི་གྲོས་མོལ་བྱེད་འདོད་ཡོད་ལ། དྲང་གཞག་དང་ཡུན་རིང་གི་ཞི་བདེའི་གྲོས་ཆོད་འགོད་ཐུབ་པའི་རེ་བ་བཅངས་ཡོད།
ལྷ་མོ་འཚོས་བསྒྱུར།