ཞི་ཅིན་ཕིང་གིས་ཨུ་རུ་སིའི་ཙུང་ཐུང་ཕུའུ་ཅིང་དང་གྲོས་མོལ་གནང་།
2025.05.09 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 0

ས་དེའི་ཟླ5པའི་ཚེས8ཉིན་གྱི་སྔ་དྲོར། ཨུ་རུ་སིའི་ཙུང་ཐུང་ཕུའུ་ཅིང་དང་ཀྲུང་གོ་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མའོ་སི་ཁོ་ཡི་ཁུ་ལིས་མུའུ་ལིན་ཕོ་བྲང་དུ་གྲོས་མོལ་གནང་། 

ས་དེའི་ཟླ5པའི་ཚེས8ཉིན་གྱི་སྔ་དྲོར། ཨུ་རུ་སིའི་ཙུང་ཐུང་ཕུའུ་ཅིང་དང་ཀྲུང་གོ་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མའོ་སི་ཁོ་ཡི་ཁུ་ལིས་མུའུ་ལིན་ཕོ་བྲང་དུ་གྲོས་མོལ་གནང་། རྒྱལ་ཁབ་གཉི་གའི་གཙོ་འཛིན་གྱིས་ཀྲུང་གོ་དང་ཨུ་རུ་སིའི་འབྲེལ་བ་དང་རྒྱལ་སྤྱི་དང་ས་ཁུལ་གྱི་གནད་དོན་གལ་ཆེན་ཐད་ནས་བསམ་འཆར་བརྗེ་རེས་གཏིང་ཟབ་བྱས་པ་དང་། བློ་བརྟན་འགྱུར་མེད་ངང་འཐབ་ཇུས་མཉམ་ལས་ཟབ་སྤེལ་བཏང་ནས། ཀྲུང་གོ་དང་ཨུ་རུ་སིའི་འབྲེལ་བ་བརྟན་བརླིང་དང་བདེ་ཐང་། ཆུ་ཚད་མཐོན་པོ་བཅས་ཀྱི་ཕྱོགས་སུ་འཕེལ་བར་སྐུལ་འདེད་གཏོང་རྒྱུའི་ཐད་ནས་མོས་མཐུན་བྱུང་བར་མ་ཟད། འཛམ་གླིང་འཁྲུག་ཆེན་གཉིས་པའི་ལོ་རྒྱུས་ཀྱི་ལྟ་བ་ཡང་དག་པ་མཉམ་དུ་དར་སྤེལ་གཏོང་རྒྱུ་དང་། མཉམ་འབྲེལ་རྒྱལ་ཚོགས་ཀྱི་དབང་གྲགས་དང་གོ་གནས་ལ་སྲུང་སྐྱོབ་བྱེད་པ། རྒྱལ་སྤྱིའི་དྲང་གཞག་དྲང་བདེན་ལ་སྲུང་སྐྱོབ་བྱ་རྒྱུ་བཅས་ཀྱི་ཐད་དགོངས་གཞི་གཅིག་མཐུན་བྱུང་།

ཟླ་ལྔ་པའི་ཨུ་རུ་སིའི་རྒྱལ་ས་མའོ་སི་ཁོ་ཡི་ནམ་མཁའ་ཡངས་ཤིང་སྤྲིན་པ་བག་ཡངས་སུ་རྒྱུ།

ཞི་ཅིན་ཕིང་རླངས་འཁོར་ལ་བཞུགས་ནས་དམིགས་སར་འབྱོར་སྐབས། ཁུ་ལིས་མུའུ་ལིན་ཕོ་བྲང་གི་དམག་སྤྱིས་རླངས་འཁོར་ལས་འབབ་སར་བསུ་མ་ཞུས།

ཕུའུ་ཅིང་གིས་ཆའོ་ཀྲི་ཚོམས་ཆེན་དུ་ཞི་ཅིན་ཕིང་ལ་དགའ་བསུ་ཞུ་བའི་མཛད་སྒོ་གཟབ་རྒྱས་བསྡུས། བརྗིད་ཉམས་ལྡན་པའི་མགྲོན་བསུའི་རོལ་དབྱངས་ཀྱི་འགྲོས་དང་བསྟུན་ནས་ཞི་ཅིན་ཕིང་དང་ཕུའུ་ཅིང་གཉིས་སོ་སོར་ཆའོ་ཀྲི་ཚོམས་ཆེན་གྱི་ཕྱོགས་གཉིས་ནས་ས་གདན་དམར་པོ་བརྒྱུད་དེ་ཚོམས་ཆེན་གྱི་དཀྱིལ་དུ་བསྐྱོད་དེ། བྱམས་བརྩེའི་ངང་ཕྱག་འཇུ་གནང་ནས་མཉམ་པར་བརྒྱབ། དམག་དོན་རོལ་དབྱངས་ཚོགས་པས་ཀྲུང་གོ་དང་ཨུ་རུ་སི་རྒྱལ་ཁབ་གཉིས་ཀྱི་རྒྱལ་གླུ་དཀྲོལ།

རྒྱལ་ཁབ་གཉིས་ཀྱི་གཙོ་འཛིན་གྱིས་སྔ་རྗེས་སུ་ཁྱབ་ཁོངས་ཆུང་བ་དང་ཁྱབ་ཁོངས་ཆེ་བའི་གྲོས་མོལ་གནང་།

ཞི་ཅིན་ཕིང་གིས་ཉེ་བའི་ལོ་འདི་དག་གི་རིང་ལ།  ཕྱོགས་གཉི་གས་མཉམ་དུ་འབད་བརྩོན་བྱས་པར་བརྟེན། ཀྲུང་གོ་དང་ཨུ་རུ་སིའི་འབྲེལ་བས་བརྟན་བརླིང་དང་བདེ་ཐང་། ཆུ་ཚད་མཐོན་པོ་བཅས་ཀྱི་འཕེལ་རྒྱས་རྣམ་པ་རྒྱུན་འཁྱོངས་བྱས་ནས། ཡུན་རིང་ཁྱིམ་མཚེས་མཛའ་མཐུན་དང་གཉིས་ཕན་མཉམ་ལས་གཉིས་རྒྱལ་དེ་རྒྱལ་ཁབ་གཉི་གའི་འབྲེལ་བ་ཡི་ཁྱད་ཆོས་མངོན་གསལ་དོད་པོ་ཞིག་ཏུ་གྱུར་ཡོད། རྒྱལ་ཁབ་གཉི་གའི་ཆབ་སྲིད་ཀྱི་ཡིད་ཆེས་རྨང་གཞི་སྔར་ལས་ཇེ་བརྟན་དུ་ཕྱིན་པ་དང་། དངོས་གཉེར་མཉམ་ལས་ཀྱི་འབྲེལ་ཐག་སྔར་ལས་ཇེ་དམ་དུ་ཕྱིན་ཡོད་ལ། མི་གཞུང་རིག་གནས་བརྗེ་རེས་དང་ས་གནས་ཀྱི་འགྲོ་འོང་བྱེད་ཚད་སྔར་ལས་ཇེ་མང་དུ་འགྲོ་བཞིན་ཡོད་པའི་དབང་གིས། དུས་རབས་གསར་པའི་ཀྲུང་གོ་དང་ཨུ་རུ་སིའི་འབྲེལ་བ་སྔར་ལས་བབ་བརྟན་ཡིད་ཆེས་དང་འགྱུར་མེད་བརྟན་བརླིང་གི་ཕྱོགས་སུ་འཕེལ་ངེས་གཏན་ཡིན། ཀྲུང་གོ་དང་ཨུ་རུ་སིའི་འབྲེལ་བ་རྒྱུན་མཐུད་ངང་འཕེལ་རྒྱས་དང་གཏིང་ཟབ་ཏུ་གཏོང་རྒྱུ་ནི་རྒྱལ་ཁབ་གཉི་གའི་མི་དམངས་ཀྱིས་མི་རབས་ནས་མི་རབས་བར་མཛའ་མཐུན་རྒྱུན་འཛིན་བྱེད་ཀྱིན་པའི་དགོས་ངེས་ཀྱི་དོན་སྙིང་གལ་ཆེན་ལྡན་པ་ཞིག་ཡིན་ལ། དེ་ནི་ཕྱོགས་གཉི་གས་ཕན་ཚུན་བར་གྲུབ་འབྲས་ཐོབ་པར་བྱེད་རྒྱུ་དང་རང་སོ་སོའི་འཕེལ་རྒྱས་དར་རྒྱས་ལ་སྐུལ་འདེད་གཏོང་བའི་ལྡོག་མེད་ཀྱི་གདམ་ག་ཞིག་ཀྱང་ཡིན་པར་མ་ཟད། རྒྱལ་སྤྱིའི་དྲང་གཞག་དྲང་བདེན་ལ་སྲུང་སྐྱོབ་དང་འཛམ་གླིང་ཧྲིལ་པོའི་བཅོས་སྐྱོང་མ་ལག་གི་བཅོས་སྒྱུར་ལ་སྐུལ་འདེད་གཏོང་བའི་དུས་རབས་ཀྱི་འབོད་སྐུལ་ཞིག་ཀྱང་ཡིན་པ་ལོ་རྒྱུས་དང་དོན་དངོས་ལས་ར་སྤྲོད་གསལ་བོ་བྱས་ཡོད་ཅེས་གསུངས།

ཞི་ཅིན་ཕིང་གིས་ད་ལོ་ནི་ཀྲུང་གོ་མི་དམངས་ཀྱི་འཇར་འགོག་དམག་འཁྲུག་དང་སུའུ་ལེན་གྱི་རླབས་ཆེན་རྒྱལ་སྲུང་དམག་འཁྲུག དེ་བཞིན་འཛམ་གླིང་གི་ཧྥ་ཤི་སིར་ངོ་རྒོལ་བྱེད་པའི་དམག་འཁྲུག་བཅས་ལ་རྒྱལ་ཁ་ཐོབ་ནས་ལོ80འཁོར་བའི་ལོ་ཡིན། ལོ80སྔོན་ལ། ཀྲུང་གོ་དང་ཨུ་རུ་སི་རྒྱལ་ཁབ་གཉིས་ཀྱི་མི་དམངས་ཀྱིས་རང་སྲོག་བློས་བཏང་སྟེ་རླབས་ཆེན་གྱི་རྒྱལ་ཁ་བླངས་པ་དང་། འཛམ་གླིང་གི་ཞི་བདེར་སྲུང་སྐྱོབ་དང་མིའི་རིགས་ཀྱི་ཡར་ཐོན་བྱ་གཞག་ལ་སྲུང་སྐྱོབ་བྱ་ཆེད་མིའི་རིགས་ཀྱི་ལོ་རྒྱུས་དེབ་ཐེར་སྟེང་བཀོད་ཆོག་པའི་བྱས་རྗེས་ཆེན་པོ་བཞག་ཡོད། མིག་སྔར། རྒྱལ་སྤྱིའི་སྟེང་གི་ཕྱོགས་རྐྱང་རིང་ལུགས་ཁོ་ན་འཛིན་མཁན་དང་བཙན་དབང་བཙན་ཤེད་ཀྱི་སྦྱོར་བའི་མདུན་དུ། ཀྲུང་གོ་ཕྱོགས་ཀྱིས་ཨུ་རུ་སི་ཕྱོགས་དང་མཉམ་དུ། འཛམ་གླིང་གི་རྒྱལ་ཁབ་ཆེན་པོ་དང་མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་ལས་འགན་རྒྱུན་འཛིན་བྱེད་པའི་རྒྱལ་ཁབ་ཡིན་པའི་དམིགས་བསལ་གྱི་འགན་འཁྲི་ཕྲག་ཏུ་འཁུར་ནས། འགན་འཁུར་ནན་མོ་ཕྲག་སྟེང་དུ་འཁུར་ཏེ། འཛམ་གླིང་འཁྲུག་ཆེན་གཉིས་པའི་ལོ་རྒྱུས་ཀྱི་ཡང་དག་པའི་ལྟ་བ་མཉམ་དུ་དར་སྤེལ་གཏོང་རྒྱུ་དང་། མཉམ་འབྲེལ་རྒྱལ་ཚོགས་ཀྱི་དབང་གྲགས་དང་གོ་གནས་ལ་སྲུང་སྐྱོབ་བྱེད་པ། འཛམ་གླིང་འཁྲུག་ཆེན་གཉིས་པའི་རྒྱལ་ཁའི་གྲུབ་འབྲས་ལ་བློ་བརྟན་འགྱུར་མེད་ངང་སྲུང་སྐྱོབ་བྱེད་པ། ཀྲུང་གོ་དང་ཨུ་རུ་སི་རྒྱལ་ཁབ་གཉིས་དང་དེ་བཞིན་རྒྱ་ཆེའི་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་ཁེ་དབང་ལ་སྲུང་སྐྱོབ་མཐའ་གཅིག་ཏུ་བྱས་ཏེ། འདྲ་མཉམ་དང་གོ་རིམ་ལྡན་པའི་འཛམ་གླིང་སྣེ་མང་ཅན་དང་། ཀུན་ཕན་དཀྱེལ་ཡངས་ཀྱི་དཔལ་འབྱོར་འཛམ་གླིང་ཧྲིལ་པོ་ཅན་ལ་མཉམ་དུ་ལག་གདང་སྦྲེལ་ནས་སྐུལ་འདེད་གཏོང་རྒྱུ་ཡིན་ཞེས་ནན་བཤད་གནང་།

རྒྱལ་ཁབ་གཉིས་ཀྱི་གཙོ་འཛིན་གྱིས་རྒྱལ་ཁབ་གཉིས་ཀྱི་འབྲེལ་ཡོད་སྡེ་ཁག་གི་འགན་འཁུར་བས་ཕུལ་བའི་ཁྱབ་ཁོངས་སོ་སོའི་མཉམ་ལས་གནས་ཚུལ་སྐོར་གྱི་སྙན་ཞུར་གསན།

ཞི་ཅིན་ཕིང་གིས་ཀྲུང་ཨུ་ཕྱོགས་གཉི་གས་མཉམ་ལས་ཀྱི་ཁ་ཕྱོགས་ཆེན་པོ་རྒྱུན་འཁྱོངས་བྱས་ནས། ཕྱི་ཕྱོགས་ཀྱི་འགལ་རྐྱེན་སེལ་ནས་མཉམ་ལས་ཀྱི “བརྟན་པོའི”རྨང་གཞི་སྔར་ལས་སྲ་བརྟན་གཏོང་རྒྱུ་དང་། “འཕེལ་བའི”སྒུལ་ཤུགས་སྔར་ལས་འདང་ངེས་ཡོང་བར་བྱེད་དགོས། རྒྱལ་ཁབ་གཉི་གའི་ཐོན་ཁུངས་ཀྱི་སྐྱེ་སྟོབས་དང་ཐོན་ལས་མ་ལག་ཕན་ཚུན་གསབ་རེས་ཀྱི་ལེགས་ཆ་འདོན་སྤེལ་གང་ལེགས་བྱས་ཏེ། དཔལ་འབྱོར་ཉོ་ཚོང་དང་ནུས་ཁུངས། ཞིང་ལས། མཁའ་འགྲུལ་མཁའ་སྐྱོད། མིས་ཐབས་རིག་ནུས་སོགས་ཁྱབ་ཁོངས་ཀྱི་སྤུས་ཚད་མཐོ་བའི་གཉིས་ཕན་མཉམ་ལས་རྒྱ་སྐྱེད་གཏོང་དགོས།  “རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་དང་ཡོ་རོབ་གླིང་དང་ཨེ་ཤ་ཡ་གླིང་གི་དཔལ་འབྱོར་མནའ་འབྲེལ་དེ་སྦྲེལ་མཐུད་ལས་སྟེགས་སུ་བྱས་ཏེ། ཚད་གཞི་མཐོ་བའི་འབྲེལ་མཐུད་རྣམ་པ་འཛུགས་དགོས། “ཀྲུང་གོ་དང་ཨུ་རུ་སིའི་རིག་གནས་ལོའི”སྦས་ཤུགས་འདོན་སྤེལ་གང་ལེགས་བྱས་ནས། སློབ་གསོ་དང་གློག་བརྙན། ཡུལ་སྐོར། ལུས་རྩལ། ས་གནས་སོགས་ཀྱི་མཉམ་ལས་ལ་ཤུགས་བསྣན་ཏེ། དམངས་སེམས་འབྲེལ་མཐུད་གཏིང་ཟབ་ཡོང་བར་སྐུལ་འདེད་གཏོང་དགོས། མཉམ་འབྲེལ་རྒྱལ་ཚོགས་དང་ཧྲང་ཧའེ་མཉམ་ལས་རྩ་འཛུགས། གསེར་གྱོམ་རྒྱལ་ཁབ་སོགས་ཕྱོགས་མང་ལས་སྟེགས་སུ་མཐུན་སྦྱོར་དང་གཞོགས་འདེགས་དམ་ཟབ་བྱས་ཏེ། འཛམ་གླིང་ཧྲིལ་པོའི་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཁག་བར་མཐུན་སྒྲིལ་བྱས་ནས། ཕྱོགས་མང་རིང་ལུགས་རྣལ་མ་རྒྱུན་འཁྱོངས་བྱས་ཏེ། འཛམ་གླིང་ཧྲིལ་པོའི་བཅོས་སྐྱོང་འགྱུར་ལྡོག་གི་ཡང་དག་པའི་ཁ་ཕྱོགས་ལ་སྣེ་འདོམས་བྱེད་དགོས་ཞེས་གསུངས།

ཞི་ཅིན་ཕིང་གིས་ཀྲུང་གོས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་བརྟེན་ནས་རྒྱལ་ཁབ་སྟོབས་ལྡན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་རླབས་ཆེན་བྱ་གཞག་ལ་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་བཞིན་ཡོད། ང་ཚོར་ཉེན་ཁ་དང་འགྲན་སློང་སྣ་ཚོགས་ལས་རྒྱལ་རྒྱུའི་ཆོད་སེམས་དང་ཡིད་ཆེས་བརྟན་པོ་ཡོད། ཕྱི་རོལ་གྱི་ཁོར་ཡུག་ལ་འགྱུར་ལྡོག་ཇི་ལྟར་བྱུང་རུང་། ཀྲུང་གོས་བློ་བརྟན་འགྱུར་མེད་ངང་རང་ཉིད་ཀྱི་བྱ་བ་ཡག་པོར་བསྒྲུབ་རྒྱུ་ཡིན། ཀྲུང་གོ་ཕྱོགས་ཀྱིས་ཨུ་རུ་སི་ཕྱོགས་དང་མཉམ་དུ། དུས་རབས་ཀྱིས་སྤྲད་པའི་དམིགས་བསལ་གྱི་འགན་འཁྲི་འཁུར་ནས། འཛམ་གླིང་ཧྲིལ་པོའི་ཕྱོགས་མང་ཉོ་ཚོང་སྒྲིག་སྲོལ་དང་ཐོན་ལས་མཁོ་སྤྲོད་ཕྲེང་འབྲེལ་བརྟན་པོ་དང་གེགས་མེད་ཡོང་བར་སྲུང་སྐྱོབ་གང་ལེགས་བྱས་ཏེ། རྒྱལ་ཁབ་གཉིས་ཀྱི་འཕེལ་རྒྱས་དར་རྒྱས་ལ་སྐུལ་འདེད་གཏོང་བ་དང་། རྒྱལ་སྤྱིའི་དྲང་གཞག་དྲང་བདེན་ལ་སྲུང་སྐྱོབ་བྱ་ཆེད་བྱས་རྗེས་སྔར་ལས་ཆེན་པོ་འཇོག་རྒྱུ་ཡིན་ཞེས་ནན་གྱིས་གསུངས།

ཕུའུ་ཅིང་གིས་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཨུ་རུ་སིར་རྒྱལ་དོན་འཚམས་འདྲི་གནང་བར་མ་ཟད། ཨུ་རུ་སིའི་རླབས་ཆེན་གྱི་རྒྱལ་སྲུང་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ80འཁོར་བར་དྲན་གསོ་ཞུ་བའི་བྱེད་སྒོར་ཞུགས་པར་ཡོང་བར་སྤྲོ་སེམས་འཁོལ་བའི་ངང་དགའ་བསུ་ཞུས་པ་དང་། ཁོས་ད་ཐེངས་ཀྱི་འཚམས་འདྲིར་དོན་སྙིང་གལ་ཆེན་ལྡན་པས་ཨུ་རུ་སི་དང་ཀྲུང་གོའི་འབྲེལ་བ་འཕེལ་རྒྱས་འགྲོ་རྒྱུར་སྒུལ་ཤུགས་ཆེན་པོ་སྣོན་ཐུབ་པར་མ་ཟད། འཛམ་གླིང་འཁྲུག་ཆེན་གཉིས་པའི་རྒྱལ་ཁ་ཐོབ་པའི་གྲུབ་འབྲས་ལ་མཉམ་དུ་སྲུང་སྐྱོབ་ཀྱང་བྱ་ཐུབ་རྒྱུ་རེད་ཅེས་བསྟན།

ཕུའུ་ཅིང་གིས་ཨུ་རུ་སི་དང་ཀྲུང་གོའི་འབྲེལ་བ་ནི་ཕན་ཚུན་འདྲ་མཉམ་དང་ཕན་ཚུན་བརྩི་འཇོག་བྱེད་པའི་རྨང་གཞིའི་སྟེང་བཙུགས་པ་ཞིག་ཡིན་པས། ཕྱོགས་གསུམ་པར་ཁ་མི་གཏོད་ལ་དུས་སྐབས་ཤིག་དང་དོན་དག་གང་རུང་གི་ཤུགས་རྐྱེན་ཐེབས་མི་སྲིད། ཨུ་རུ་སི་དང་ཀྲུང་གོའི་འབྲེལ་བ་འཕེལ་རྒྱས་གཏོང་བར་བློ་བརྟན་འགྱུར་མེད་ངང་སྐུལ་འདེད་གཏོང་བ་དང་གཉིས་ཕན་མཉམ་ལས་རྒྱ་སྐྱེད་གཏོང་རྒྱུ་ནི་ཨུ་རུ་སིའི་འཐབ་ཇུས་ཀྱི་གདམ་ག་ཞིག་ཡིན། ཨུ་རུ་སི་ཕྱོགས་ཀྱིས་ཀྲུང་གོ་གཅིག་གི་རྩ་དོན་བློ་བརྟན་འགྱུར་མེད་ངང་ལག་བསྟར་བྱེད་ཀྱིན་ཡོད་ཅིང་། ཐའེ་ཝན་གྱི་གནད་དོན་ཐད་ནས་ཐོག་མཐའ་བར་གསུམ་དུ་ཀྲུང་གོ་ཕྱོགས་ཀྱི་ལངས་ཕྱོགས་ལ་རྒྱབ་སྐྱོར་བྱེད་ཀྱིན་ཡོད། ཨུ་རུ་སི་ཕྱོགས་ཀྱིས་ཀྲུང་གོའི་བར་གྱི་མཐོ་རིམ་འགྲོ་འོང་དམ་ཟབ་རྒྱུན་འཁྱོངས་བྱས་ནས། ཉོ་ཚོང་དང་དངུལ་གཏོང་། ནུས་ཁུངས། ཞིང་ལས། ཚན་རྩལ་སོགས་ཁྱབ་ཁོངས་ཀྱི་དངོས་གཉེར་མཉམ་ལས་ལ་ཤུགས་བསྣན་ཏེ། སློབ་གསོ་དང་རིག་གནས། ན་གཞོན། ཡུལ་སྐོར་སོགས་མི་གཞུང་རིག་གནས་བརྗེ་རེས་ཟབ་སྤེལ་བཏང་སྟེ། ཡོན་ཏུང་ས་ཁུལ་གྱི་མཉམ་ལས་ནང་སྙིང་རྒྱ་སྐྱེད་གཏོང་འདོད་ཡོད། སྒོ་ཁྲལ་མཐོན་པོར་བསྡུ་བའི་སྦྱོར་བ་ནི་རྒྱུན་སྲོལ་དང་འགལ་ལ་ཁྲིམས་མཐུན་ཡང་མིན་པའི་དབང་གིས། བྱེད་ཕྱོགས་དེས་རང་ངོས་ལ་མཇུག་འབྲས་ངན་པ་བསྐྱེད་ངེས་ཡིན།  ཕྱོགས་གཉིས་ཀྱིས་མཉམ་འབྲེལ་རྒྱལ་ཚོགས་དང་ཧྲང་ཧའེ་མཉམ་ལས་རྩ་འཛུགས། གསེར་གྱོམ་རྒྱལ་ཁབ་སོགས་ཕྱོགས་མང་སྒྲོམ་གཞིའི་འོག་གི་མཐུན་སྦྱོར་དང་གཞོགས་འདེགས་ལ་ཤུགས་བསྣན་ནས། འཛམ་གླིང་སྣེ་མང་ཅན་གྱི་འཕེལ་རིམ་ལ་རྒྱབ་སྐྱོར་ནུས་ལྡན་བྱས་ཏེ། ཕྱོགས་རྐྱང་རིང་ལུགས་ལ་མཉམ་དུ་ངོ་རྒོལ་བྱེད་པ་དང་གང་བྱུང་དུ་བཀག་སྡོམ་བྱེད་པར་ངོ་རྒོལ་བྱེད་པ། ཚོགས་པའི་འགྲན་རྒོལ་ལ་ངོ་རྒོལ་བཅས་བྱས་ནས། རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་ཐུན་མོང་གི་ཁེ་ཕན་ལ་སྲུང་སྐྱོབ་བྱེད་དགོས་ཞེས་བསྟན།

ཕུའུ་ཅིང་གིས་ཨུ་རུ་སི་དང་ཀྲུང་གོ་རྒྱལ་ཁབ་གཉིས་ཀྱིས་འཛམ་གླིང་གི་ཧྥ་ཤི་སིར་ངོ་རྒོལ་བྱེད་པའི་དམག་འཁྲུག་ཁྲོད་ཚེ་སྲོག་གཙོས་བློས་གཏོང་ཆེན་པོ་བྱས་ཡོད། ཀྲུང་གོ་གུང་ཁྲན་ཏང་གི་མགོ་ཁྲིད་བརྟན་པོའི་འོག་ཏུ། ཀྲུང་གོ་མི་དམངས་ཀྱིས་དཔའ་ངར་ཆེན་པོས་འབད་འཐབ་བྱས་ཏེ། འཇར་འགོག་དམག་འཁྲུག་ལ་རྒྱལ་ཁ་རླབས་ཆེན་བླངས་པ་དང་འཛམ་གླིང་འཁྲུག་ཆེན་གཉིས་པར་རྒྱལ་ཁ་ཐོབ་ཆེད་བྱས་རྗེས་ཆེན་པོ་བཞག་ཡོད། ཨུ་རུ་སི་དང་ཀྲུང་གོ་རྒྱལ་ཁབ་གཉིས་ཀྱིས་དཀའ་ཚེགས་ཆེ་བའི་དམག་འཁྲུག་གི་ལོ་ཟླའི་ཁྲོད་ཕན་ཚུན་བར་རྒྱབ་སྐྱོར་བྱས་ནས་མཛའ་མཐུན་གྱི་འབྲེལ་བ་ཟབ་མོ་ངང་གིས་གྲུབ་སྟེ། ཕྱོགས་གཉིས་ཀྱི་འབྲེལ་བ་འཕེལ་རྒྱས་འགྲོ་རྒྱུར་རྨང་གཞི་བརྟན་པོ་བཏིངས་ཡོད། ཕྱོགས་གཉིས་ཀྱིས་མཉམ་འབྲེལ་རྒྱལ་ཚོགས་དང་རྒྱལ་སྤྱིའི་བཅའ་ཁྲིམས་ཀྱི་དབང་གྲགས་ལ་སྲུང་སྐྱོབ་བྱེད་རྒྱུ་དང་། འཛམ་གླིང་འཁྲུག་ཆེན་གཉིས་པའི་ལོ་རྒྱུས་ཀྱི་ཡང་དག་པའི་ལྟ་བའི་འགྲེལ་བརྗོད་ལ་སྲུང་སྐྱོབ་བྱེད་པ། རྒྱལ་སྤྱིའི་དྲང་གཞག་དྲང་བདེན་ལ་སྲུང་སྐྱོབ་བཅས་བྱས་ཏེ། རྒྱལ་ཁབ་གཉིས་དང་འཛམ་གླིང་གི་སྔར་ལས་མཛེས་སྡུག་ལྡན་པའི་འབྱུང་འགྱུར་མཉམ་སྐྲུན་བྱེད་འདོད་ཡོད་ཅེས་བསྟན།

གྲོས་མོལ་བྱས་རྗེས་རྒྱལ་ཁབ་གཉིས་ཀྱི་གཙོ་འཛིན་གྱིས《ཀྲུང་གོ་མི་དམངས་ཀྱི་འཇར་འགོག་དམག་འཁྲུག་དང་སུའུ་ལེན་གྱི་རླབས་ཆེན་རྒྱལ་སྲུང་དམག་འཁྲུག་ལ་རྒྱལ་ཁ་ཐོབ་པ་དང་མཉམ་འབྲེལ་རྒྱལ་ཚོགས་བཙུགས་ནས་ལོ་80འཁོར་བའི་སྐབས་སུ། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དང་ཨུ་རུ་སི་རྒྱལ་ཕྲན་མཉམ་འབྲེལ་རྒྱལ་ཁབ་ཀྱི་ཀྲུང་གོ་དང་ཨུ་རུ་སིའི་དུས་རབས་གསར་པའི་ཁྱོན་ཡོངས་ཀྱི་འཐབ་ཇུས་མཉམ་ལས་རོགས་རེས་འབྲེལ་བ་སྔར་ལས་གཏིང་ཟབ་ཏུ་གཏོང་བའི་སྐོར་གྱི་མཉམ་འབྲེལ་གསལ་བསྒྲགས》ལ་མཉམ་དུ་མཚན་རྟགས་བཀོད།

རྒྱལ་ཁབ་གཉིས་ཀྱི་གཙོ་འཛིན་གྱིས་ཀྲུང་གོ་དང་ཨུ་རུ་སི་ཕྱོགས་གཉི་གས་ཕྱོགས་གཉིས་ཀྱི་མཉམ་ལས་ཡིག་ཆ20ལྷག་བརྗེ་རེས་བྱས་པར་མཉམ་དུ་བདེན་དཔང་གནང་བ་དང་། མཉམ་ལས་ཡིག་ཆ་དེ་དག་གི་ནང་དུ་འཛམ་གླིང་ཧྲིལ་པོའི་འཐབ་ཇུས་བརྟན་བརླིང་དང་རྒྱལ་སྤྱིའི་བཅའ་ཁྲིམས་ཀྱི་དབང་གྲགས་ལ་སྲུང་སྐྱོབ་བྱེད་པ་དང་། སྐྱེ་དངོས་བདེ་འཇགས། དངུལ་གཏོང་སྲུང་སྐྱོབ། གཞི་གྲངས་དཔལ་འབྱོར། རིམས་ནད་ལ་བརྟག་པ། གློག་བརྙན་མཉམ་ལས་སོགས་ཚུད་ཡོད།

རྒྱལ་ཁབ་གཉིས་ཀྱི་གཙོ་འཛིན་གྱིས་རྒྱལ་ཁབ་གཉིས་ཀྱི་འབྲེལ་ཡོད་སྡེ་ཁག་ལ་ཕྱོགས་གཉི་གའི་ཐུན་མོང་གི་ངོས་འཛིན་གཞིར་བཟུང་ནས་འབྲེལ་གཏུག་དམ་ཟབ་ལ་ཤུགས་སྣོན་རྒྱུ་དང་། དངོས་གཉེར་མཉམ་ལས་ལ་སྐུལ་འདེད་བཏང་ནས། ཕན་འབྲས་སྔར་ལས་གང་མང་ཐོབ་པར་འགན་ཁུར་དགོས་པའི་ཐུགས་རེ་བཏོན།

རྒྱལ་ཁབ་གཉིས་ཀྱི་གཙོ་འཛིན་གྱིས་ད་དུང་མཉམ་དུ་གསར་འགོད་པར་མཇལ་འཕྲད་གནང་།

ཉིན་དེའི་ཉིན་གུང་གི་སྐབས་སུ། ཕུའུ་ཅིང་གིས་ཞི་ཅིན་ཕིང་ལ་དགའ་བསུ་ཞུ་བའི་གསོལ་སྟོན་བཤམས།

ཚའེ་ཆི་དང་ཝང་དབྱི་སོགས་གོང་གསལ་གྱི་བྱེད་སྒོར་ཞུགས།

བན་དེ་སྐྱབས་ཀྱིས་བསྒྱུར།