ཞི་ཅིན་ཕིང་གིས་ཨུ་རུ་སིའི་ཙུང་ཐུང་ཕུའུ་ཅིང་དང་མཉམ་དུ་གསར་འགོད་པར་མཇལ་འཕྲད་གནང་།
2025.05.09 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 0

ས་དེའི་ཟླ5པའི་ཚེས8ཉིན་གྱི་ཉིན་གུང་གི་སྐབས་སུ། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་དང་ཨུ་རུ་སིའི་ཙུང་ཐུང་ཕུའུ་ཅིང་གིས་མའོ་སི་ཁོ་ཡི་ཁི་ལིས་མུའུ་ལིན་ཕོ་བྲང་དུ་རྒྱལ་ཁའི་ངང་གྲོས་མོལ་གནང་ཚར་རྗེས་མཉམ་དུ་གསར་འགོད་པར་ཐུག་འཕྲད་བྱས།

ཞི་ཅིན་ཕིང་གིས་ད་གིན་ངས་ཙུང་ཐུང་ཕུའུ་ཅིང་དང་ལྷན་དུ། མཛའ་མཐུན་ཟབ་མོ་དང་གྲུབ་འབྲས་ལྡན་པའི་སྒོ་ནས་གྲོས་མོལ་བྱས་ཏེ། ཕན་ཚུན་བར་ཐུན་མོང་གི་ངོས་འཛིན་གལ་ཆེན་གསར་པ་མང་པོ་ཞིག་བྱུང་ཡོད། ང་ཚོས་མཉམ་དུ《ཀྲུང་གོ་མི་དམངས་ཀྱི་འཇར་འགོག་དམག་འཁྲུག་དང་སུའུ་ལེན་གྱི་རླབས་ཆེན་རྒྱལ་སྲུང་དམག་འཁྲུག་ལ་རྒྱལ་ཁ་ཐོབ་པ་དང་། མཉམ་འབྲེལ་རྒྱལ་ཚོགས་བཙུགས་ནས་ལོ80འཁོར་བའི་སྐབས་འདིར། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དང་ཨུ་རུ་སི་རྒྱལ་ཕྲན་མཉམ་འབྲེལ་རྒྱལ་ཁབ་ཀྱི་ཀྲུང་གོ་དང་ཨུ་རུ་སིའི་དུས་རབས་གསར་པའི་ཁྱོན་ཡོངས་ཀྱི་འཐབ་ཇུས་མཉམ་ལས་རོགས་རེས་འབྲེལ་བ་སྔར་ལས་གཏིང་ཟབ་ཏུ་གཏོང་བའི་སྐོར་གྱི་མཉམ་འབྲེལ་གསལ་བསྒྲགས》བཀོད་པ་དང་། རྒྱལ་ཁབ་གཉིས་ཀྱི་འབྲེལ་ཡོད་སྡེ་ཁག་གིས་མཉམ་ལས་ཡིག་ཆ་མང་པོ་བརྗེ་རེས་བྱས་པར་བདེན་དཔང་བྱས་ཏེ། ཀྲུང་གོ་དང་ཨུ་རུ་སིའི་འབྲེལ་བ་འཕེལ་རྒྱས་གཏོང་བར་སྒུལ་ཤུགས་གསར་པ་བསྣན་ཡོད་ཅེས་གསུངས།

ཞི་ཅིན་ཕིང་གིས་ཨུ་རུ་སི་ནི་ང་རང་ཉིད་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཡིན་པའི་ངོས་ནས་ངས་འཚམས་འདྲིར་བྱེད་ཐེངས་ཆེས་མང་ཤོས་ཀྱི་རྒྱལ་ཁབ་ཅིག་ཡིན་ལ། ད་ཐེངས་བརྩིས་ན་ངས་ཨུ་རུ་སིར་ཐེངས་བཅུ་གཅིག་ལ་རྒྱལ་དོན་འཚམས་འདྲི་བྱས་ཡོད། སང་ཉིན་ང་སུའུ་ལེན་གྱི་རླབས་ཆེན་རྒྱལ་སྲུང་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ80འཁོར་བར་དྲན་གསོ་ཞུ་བའི་རྟེན་འབྲེལ་མཛད་སྒོར་ཞུགས་རྒྱུ་ཡིན་ཞིང་། དེ་ནི་ང་རང་ལོ10འཁོར་བའི་རྗེས་སུ་ཡང་བསྐྱར་དྲན་གསོའི་བྱེད་སྒོ་གཟབ་རྒྱས་དེར་ཞུགས་པ་ཞིག་ཀྱང་ཡིན། འདས་ཟིན་པའི་ལོ་ངོ10ནི་རྒྱལ་སྤྱིའི་གནས་བབ་ལ་གཡོ་འགུལ་ཆེན་པོ་དང་འཕོ་འགྱུར་ཆེན་པོ་བྱུང་བའི་ལོ་ངོ10ཡིན་ལ། ཀྲུང་གོ་དང་ཨུ་རུ་སིའི་འབྲེལ་བར་འཕེལ་རྒྱས་ཀྱི་མཆོང་སྐྱོད་ཆེན་པོ་བྱུང་བའི་ལོ་ངོ10ཡང་ཡིན། ང་ཚོས་མཉམ་དུ་ཀྲུང་གོ་དང་ཨུ་རུ་སི་རྒྱལ་ཁབ་གཉིས་ཀྱི་ཆབ་སྲིད་ཡིད་ཆེས་རྒྱུན་ཆད་མེད་པར་སྲ་བརྟན་དང་གཏིང་ཟབ་ཏུ་ཕྱིན་པར་བདེན་དཔང་བྱས་པ་དང་། རྒྱལ་ཁབ་གཉི་གའི་ཁྱབ་ཁོངས་སོ་སོའི་མཉམ་ལས་ལ་གྲུབ་འབྲས་གཟེངས་སུ་ཐོན་པ་ཐོབ་པར་བདེན་དཔང་ཡང་བྱས་ཡོད། འཛམ་གླིང་གི་འགྱུར་ལྡོག་དང་དུས་རབས་ཀྱི་འགྱུར་ལྡོག ལོ་རྒྱུས་ཀྱི་འགྱུར་ལྡོག་བཅས་ཀྱི་མདུན་དུ། ཀྲུང་གོ་དང་ཨུ་རུ་སི་རྒྱལ་ཁབ་གཉིས་ཀྱིས་ཕྱོགས་གཉི་གའི་འབྲེལ་བའི་མདུན་སྐྱོད་ཁ་ཕྱོགས་དང་མིའི་རིགས་ཀྱི་སྤྱི་ཚོགས་འཕེལ་རྒྱས་ཀྱི་འཕེལ་ཕྱོགས་ཆེན་པོ་དམ་འཛིན་བྱས་ཏེ། འགན་འཁྲི་བརྟན་པོ་འཁུར་ཏེ་ཕྱོགས་ཡོངས་ནས་མཉམ་ལས་བྱས་ནས། རྒྱལ་ཁབ་གཉིས་ཀྱི་འཕེལ་རྒྱས་དར་རྒྱས་ལ་སྐུལ་འདེད་གཏོང་བ་དང་རྒྱལ་སྤྱིའི་དྲང་གཞག་དྲང་བདེན་ལ་སྲུང་སྐྱོབ་བྱ་ཆེད་བྱས་རྗེས་གསར་པ་སྔར་ལས་ཆེན་པོ་འབུལ་དགོས། མི་རབས་ནས་མི་རབས་བར་མཛའ་མཐུན་རྒྱུན་འཁྱོངས་བྱས་ཏེ། ཚོད་བགམ་གང་མང་ཐེག་ཐུབ་པའི་གྲོགས་པོ་ངོ་མ་བྱེད་དགོས། གཉིས་ཕན་མཉམ་རྒྱལ་རྒྱུན་འཁྱོངས་བྱས་ནས་ཕན་ཚུན་བར་གྲུབ་འབྲས་ཐོབ་པའི་ཟླ་གྲོགས་བཟང་པོ་བྱེད་དགོས། དྲང་གཞག་དྲང་བདེན་རྒྱུན་འཁྱོངས་བྱས་ནས་རྒྱལ་སྤྱིའི་སྒྲིག་ལམ་ལ་སྲུང་སྐྱོབ་བྱེད་མཁན་བྱེད་དགོས། སྐྱིད་སྡུག་མཉམ་མྱོང་རྒྱུན་འཁྱོངས་བྱས་ནས་འཛམ་གླིང་ཧྲིལ་པོའི་བཅོས་སྐྱོང་གི་སྣེ་ཁྲིད་པ་བྱེད་དགོས་ཞེས་ནན་གྱིས་གསུངས།

ཞི་ཅིན་ཕིང་གིས་འགྱུར་ལྡོག་དང་ཟང་ཟིང་མཉམ་འདྲེས་ཀྱི་རྒྱལ་སྤྱིའི་གནས་བབ་མདུན་དུ། ཀྲུང་གོ་དང་ཨུ་རུ་སི་རྒྱལ་ཁབ་གཉིས་ཀྱིས་ཡུན་རིང་ཁྱིམ་མཚེས་མཛའ་མཐུན་དང་ཁྱོན་ཡོངས་ཀྱི་འཐབ་ཇུས་མཉམ་ལས། གཉིས་ཕན་མཉམ་ལས་གཉིས་རྒྱལ་བཅས་ཀྱི་སྙིང་སྟོབས་བློ་བརྟན་འགྱུར་མེད་སྒོས་རྒྱུན་འཁྱོངས་བྱས་ཏེ། སྐྱིད་སྡུག་མཉམ་མྱོང་བྱས་ནས། ཀྲུང་གོ་དང་ཨུ་རུ་སིའི་འབྲེལ་བའི་མཐོ་ཚད་དང་ཤོང་ཚད། མཁྲེགས་ཚད་བཅས་ཕྱོགས་ཡོངས་ནས་མཐོ་རུ་བཏང་སྟེ། འཛམ་གླིང་གི་ཞི་བདེ་དང་བདེ་འཇགས་ལ་བརྟན་བརླིང་རང་བཞིན་སྔར་ལས་གང་མང་བསྣན་ནས། འཛམ་གླིང་ཧྲིལ་པོའི་འཕེལ་རྒྱས་དང་དར་རྒྱས་ལ་སྐུལ་འདེད་སྔར་ལས་ཤུགས་ཆེན་གཏོང་དགོས་ཞེས་ནན་གྱིས་གསུངས།

ཚའེ་ཆི་དང་ཝང་དབྱི་སོགས་གོང་གསལ་བྱེད་སྒོས་ཞུགས།

བན་དེ་སྐྱབས་ཀྱིས་བསྒྱུར།