ཝུའུ་ཞའོ་ཅུན་གྱིས་ཞིང་ཆེན་འཕྲིན་བཅར་ཅུའུ་རུ་འཚམས་འདྲིར་ཡོང་བའི་མང་ཚོགས་ལ་སྣེ་ལེན་བྱས།
2025.05.09 ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 0

ཟླ5པའི་ཚེས8ཉིན། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཝུའུ་ཞའོ་ཅུན་ཞིང་ཆེན་འཕྲིན་བཅར་ཅུའུ་རུ་སོང་ནས་འཚམས་འདྲིར་ཡོང་བའི་མང་ཚོགས་ལ་སྣེ་ལེན་བྱས་ཏེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མི་དམངས་ཀྱི་འཕྲིན་བཅར་བྱ་བར་ཤུགས་སྣོན་དང་ལེགས་བཅོས་བྱེད་པའི་སྐོར་གྱི་དགོངས་པ་གལ་ཆེན་སློབ་སྦྱོང་དང་ལག་བསྟར་ཟབ་མོ་བྱེད་པ་དང་། མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་དགོངས་པ་དོན་ཐོག་ཏུ་འཁྱོལ་བར་བྱས་ནས། སེམས་ཤུགས་གཅིག་སྒྲིལ་གྱིས་མང་ཚོགས་ཀྱི་བྲེལ་དཀའ་ཁྲལ་སྒུག་གི་གནད་དོན་ཐག་གཅོད་བྱས་ཏེ། བྱ་བའི་སྤྱོད་ཚུལ་བསྒྱུར་བར་བརྟེན་ནས་སློབ་སྦྱོང་སློབ་གསོའི་ཕན་འབྲས་མངོན་པར་བྱེད་དགོས་པ་ནན་གྱིས་བསྟན།

ཝུའུ་ཞའོ་ཅུན་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་མི་དམངས་འཕྲིན་བཅར་སྣེ་ལེན་ཁང་དུ་སོང་ནས་འཚམས་འདྲིར་ཡོང་བའི་མང་ཚོགས་ལ་སྣེ་ལེན་བྱས། མང་ཚོགས་ཀྱི་འཐུས་ཚབ་པསང་ཚོའི་རེ་འདུན་གཙོ་བོ་ནི་སྔ་མོ་ནས་སྡོད་ཁང་གསར་བར་སྤོ་རྒྱུ་དེ་ཡིན། བཟོ་སྐྲུན་གྱི་མ་དངུལ་མྱུར་དུ་ལེན་ཐུབ་པའི་རེ་བ་བྱེད་ཀྱིན་ཡོདཅེས་བདེ་འགོད་ཁང་པ་འཛུགས་སྐྲུན་དང་བཟོ་སྐྲུན་མ་དངུལ་ཆད་འགྱངས་སོགས་ཀྱི་གནད་དོན་ཡར་ཞུ་བྱས། ཝུའུ་ཞའོ་ཅུན་གྱིས་ཚང་མའི་རེ་འདུན་ལ་ནན་ཏན་གྱིས་ཉན་པ་དང་། བྱ་བའི་མགོ་མཇུག་བར་གསུམ་ཞིབ་མོར་དྲིས་པར་མ་ཟད། འབྲེལ་ཡོད་ས་ཁུལ་གྱི་སྡེ་ཁག་དང་ཁེ་ལས་ཀྱི་ཡུལ་དངོས་སུ་འཕྲིན་བཅར་བྱ་བ་ཐག་གཅོད་པའི་བྱེད་ཐབས་ལ་ཞིབ་འཇུག་བྱས།

ཝུའུ་ཞའོ་ཅུན་གྱིས་ནན་གྱིས་བསྟན་དོན། འཕྲིན་བཅར་ནི་སྒོ་མདུན་དུ་སྐྱེལ་བའི་མང་ཚོགས་ཀྱི་བྱ་བ་ཡིན་པས། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱེད་པའི་སློབ་སྦྱོང་སློབ་གསོ་སྤེལ་བ་གོ་སྐབས་སུ་བརྩི་བ་དང་། འཕྲིན་བཅར་གྱི་ཐབས་ལམ་བརྒྱུད་དེ་བསམ་འཆར་དང་གྲོས་གཞིར་ནན་ཏན་གྱིས་ཉན་ཏེ། མང་ཚོགས་ཀྱི་འདོད་བློ་དང་རེ་འདུན་གསལ་བོར་རྟོགས་པར་བྱེད་པ་དང་། བྱ་བའི་བར་ཁྱད་དང་མི་འདང་ས་བཙལ་ནས། གཅིག་ཤེས་ཀུན་གྲོལ་གྱིས་མངོན་གསལ་གནད་དོན་ཐག་གཅོད་བྱེད་པ་དང་། མང་ཚོགས་ལ་སྔར་ལས་ཞབས་འདེགས་ལེགས་པོ་ཞུ་དགོས། མི་དམངས་མང་ཚོགས་ཀྱི་སྡོད་ཁང་དགོས་མཁོར་འགན་སྲུང་ལེགས་པོ་བྱེད་པ་དེ་བྱ་བ་གཙོ་བོར་འཇོག་པ་དང་། ཕྱོགས་སོ་སོའི་འགན་འཁྲི་དོན་འཁྱོལ་ཡག་པོ་བྱས་ནས། གྲོང་ཁྱེར་དང་ས་ཁུལ། ཁེ་ལས་བཅས་ཀྱི་སྦྲེལ་མཐུད་བྱ་བའི་རྐྱེན་སྲོལ་འཛུགས་པ་དང་། ཡུལ་དངོས་ལས་སྒྲུབ་དང་ཆོག་མཆན་འགོད་པ། ཁས་ལེན་ལམ་ལུགས་སོགས་ཀྱི་བྱེད་ཐབས་བརྒྱུད་དེ། ཁྲིམས་སྲོལ་ལྟར་དུས་རིམ་སྔོན་མའི་ལས་རིམ་ཇེ་ཉུང་དུ་གཏོང་བ། བཟོ་སྐྲུན་གྱི་སྤུས་ཀ་དང་བདེ་འཇགས་ལ་ཁག་ཐེག་བྱེད་པའི་སྔོན་འགྲོའི་འོག་མགྱོགས་མྱུར་ངང་ལས་གཞི་འཛུགས་སྐྲུན་བྱེད་མགོ་རྩོམ་པ་དང་། མང་ཚོགས་ཀྱི་ཁེ་ཕན་ལ་གནོད་འཚེ་མི་ཐེབས་པར་མཐའ་གཅིག་ཏུ་སྲུང་སྐྱོབ་བྱེད་དགོས། ཁེ་ལས་ནི་ཁྲོམ་རའི་དཔལ་འབྱོར་གྱི་བྱེད་པོ་གཙོ་བོ་ཡིན་པས། ཁེ་ལས་ཡར་རྒྱས་བྱུང་ན་ལས་ཞུགས་དང་སྤྱི་ཚོགས། འཕེལ་རྒྱས་བཅས་ཡག་པོ་འབྱུང་སྲིད། ནུས་ཤུགས་ཡོད་རྒུས་དམངས་གཉེར་ཁེ་ལས་མཚོ་སྔོན་དུ་འཕེལ་རྒྱས་སུ་འགྲོ་བར་རྒྱབ་སྐྱོར་བྱེད་པ་དང་། རྒྱལ་ཁབ་ཀྱི་སྲིད་ཇུས་བེད་སྤྱོད་ལེགས་པོ་བྱས་ཏེ། ཁེ་ལས་ཀྱི་མ་དངུལ་ཆད་འགྱངས་མེད་པར་གཏོང་བ་དང་། ནུས་ཤུགས་ཡོད་རྒུས་འཕེལ་རྒྱས་བརྒྱུད་རིམ་ཁྲོད་ཀྱི་དཀའ་ཁག་ཐག་གཅོད་བྱེད་དགོས། ཁོས་ད་དུང་ཁེ་ལས་ཀྱི་བྱང་ཚད་མཐོར་འདེགས་དང་འགྲན་རྩོད་ནུས་པ་ཇེ་ཆེར་བཏང་སྟེ། ཁྱད་ལྡན་ལས་འཚོལ་ཞིབ་གང་ལེགས་བྱེད་པ་དང་། ཕྱི་ཕྱོགས་སུ་སོང་ནས་ཁྲོམ་ར་རྒྱ་བསྐྱེད་དེ།  ནང་གནས་སྒུལ་ཤུགས་དང་གསར་གཏོད་ཀྱི་གསོན་ཤུགས་སྐུལ་སྤེལ་བྱེད་དགོས།

ལིའུ་ཆི་ཧྥན་དང་ཀྲུའུ་ཞང་ཧྥིན་འབྲེལ་ཡོད་བྱེད་སྒོར་ཞུགས།

ལྷ་མོ་འཚོས་བསྒྱུར།