ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་རྟོག་ཞིབ་ཚན་ཆུང་གིས་ཧའེ་ནན་ཞིང་ཆེན་དང་ཅང་ཞི་ཞིང་ཆེན་གྱི་བྱ་བར་རྟོག་ཞིབ་བྱས།
2025.05.09 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 0

ཉེ་སྔོན། ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་རྟོག་ཞིབ་ཚན་ཆུང་ཧའེ་ནན་ཞིང་ཆེན་དང་ཅང་ཞི་ཞིང་ཆེན་དུ་སོང་ནས། སྲོག་ཆགས་ཀྱི་རིམས་འགོག་ཐད་ཀྱི་ཁྲིམས་འཛུགས་དང་ཞིང་ཕྱུགས་ལས་ཐོན་ལས་འཕེལ་རྒྱས། ཞིང་སྡེའི་གཞིས་ས་བཅོས་སྒྱུར་སོགས་ཀྱི་ནང་དོན་གཙོ་བོར་དམིགས་ནས་སློབ་སྦྱོང་རྟོག་ཞིབ་དང་བྱ་བའི་བརྗེ་རེས་བྱས།

རྟོག་ཞིབ་ཚན་ཆུང་སྔ་གཞུག་ཏུ་ཧའེ་ནན་ཞིང་ཆེན་ཧའེ་ཁོའུ་གྲོང་ཁྱེར་ཞིག་དབྱིན་ཁུལ་ཧྲི་ཧྲན་གྲོང་རྡལ་ཧྲི་ཁྲ་སྡེ་བ་དང་ཁྲིན་མའེ་རྫོང་ཧའེ་ཁིན་དང་བཤའ་ཕྱུགས་གསོ་སྤེལ་ར་བ། སན་ཡཱ་ཀྲུང་གོའི་ཞིང་ལས་ཚན་རིག་གླིང་རྒྱལ་ཁབ་ནན་ཧྭན་ཞིབ་འཇུག་གླིང་དང་། ཅང་ཞི་ཞིང་ཆེན་དབྱིན་ཐན་གྲོང་ཁྱེར་ཡུས་ཅང་ཁུལ་ཀྲུང་ཐུང་གྲོང་རྡལ་ཁྲིན་ལུང་སྡེ་བ་དང་ཀེའུ་ཞི་གྲོང་ཁྱེར་ཞི་ཝང་ཐེན་ཡེ་འབྲུ་སྣུམ་ཚན་རྩལ་ཐོན་ལས་ར་བ། ཅང་ཞི་མཁོ་འཚོང་ཀེའུ་ཞི་འཁྱགས་ཕྲེང་དངོས་སྐྱེལ་ར་བ། ཅིན་ཏི་ཀྲིན་གྲོང་ཁྱེར་ཧྥུའུ་ཞི་རྫོང་ཙང་ཝན་ཡུལ་ཚོ་ཧན་ཞི་སྡེ་བ་སོགས་ལ་སོང་ནས། ཡུལ་དངོས་ནས་གྲོང་གསེབ་དར་སྤེལ་གྱི་གཞིས་ས་བཅོས་བསྒྱུར་དང་རིགས་གསར་ཞིང་སྡེ་འཛུགས་སྐྲུན། འབྲུ་སྣུམ་ལས་སྣོན། སྒོང་བྱ་གསོ་སྤེལ། ཁྱད་ལྡན་ཞིང་ལས་ཐོན་ལས། འཁྱགས་ཕྲེང་དངོས་སྐྱེལ་འཇུག་མཛོད་འཛུགས་སྐྲུན། ཞིང་རིག་ཡུལ་གསུམ་མཉམ་བསྲེས་འཕེལ་རྒྱས་སོགས་ཀྱི་གནས་ཚུལ་ལ་རྒྱུས་ལོན་གསལ་བོ་བྱས་པར་མ་ཟད་བཞུགས་མོལ་བརྗེ་རེས།

རྟོག་ཞིབ་ཚན་ཆུང་གིས་བསྟན་དོན། ཧའེ་ནན་ཞིང་ཆེན་དང་ཅང་ཞི་ཞིང་ཆེན་གྱིས་ཡུལ་བབ་དང་བསྟུན་ནས། སྲོག་ཆགས་ཀྱི་རིམས་འགོག་མ་ལག་འཛུགས་སྐྲུན་དང་ཞིང་ལས་ཀྱི་སྤུས་གསར་ཐོན་སྐྱེད་ནུས་ཤུགས་སྐྱེད་སྲིང་། ཞིང་ལས་ཀྱི་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་སུ་གཏོང་བ། གཞིས་ས་བཅོས་བསྒྱུར་ཟབ་སྤེལ་བྱེད་པ། མཁར་གྲོང་མཉམ་བསྲེས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་སོགས་ཕྱོགས་ནས། སྲིད་ཇུས་བྱེད་ཐབས་རབ་དང་རིམ་པ་ལག་བསྟར་བྱས་པ་དང་། ལག་ལེན་བརྒྱུད་དེ་ཉམས་མྱོང་བཟང་བོ་སྤྱི་སྡོམ་བྱས་ཏེ། རང་ཞིང་གི་བྱ་བའི་ཐད་ཕན་འབྲས་ལྡན་པའི་དཔེ་ལྟ་འདོན་སྤྲོད་བྱས། བྱ་བ་དངོས་ལ་ཟུང་འབྲེལ་བྱེད་པ་དང་། སློབ་སྦྱོང་དང་བསྡུ་ལེན་ནན་མོ་བྱེད་པ། ཞིབ་འཇུག་བྱེད་པ་དང་བསམ་གཞིགས་གཏོང་བ། གྲུབ་འབྲས་བསྒྱུར་བར་དོ་སྣང་བྱེད་པ། རྟོག་ཞིབ་ཁྲོད་རྒྱུས་ལོན་བྱུང་བའི་ཉམས་མྱོང་དང་བྱེད་ཐབས་བཟང་བོ་དེ་བྱ་བ་སྤེལ་བའི་བྱེད་ཐབས་བཟང་བོར་བསྒྱུར་ནས། གྲོང་གསེབ་ཕྱོགས་ཡོངས་ནས་དར་སྤེལ་གཏོང་བའི་ཐད་སྒུལ་ནུས་གསར་བ་དང་སྟོབས་ཤུགས་གསར་བ་བསྣན།

རིན་ཆེན་མཚོས་བསྒྱུར།