ཟླ5པའི་ཚེས8ཉིན། རང་ཞིང་གི་དམངས་གཙོའི་ཏང་ཁག་སོ་སོ་དང་ཏང་ཁག་གང་ལའང་མི་གཏོགས་པའི་མི་སྣའི་གཏན་འབེབས་སློབ་སྦྱོང་དང་སྤྱོད་ཚུལ་ལ་ཤུགས་སྣོན་པ། སྣང་བརྙན་བསྐྲུན་པ་ཞེས་པའི་བརྗོད་དོན་སློབ་གསོའི་མགོ་རྩོམ་ཚོགས་འདུ་ཟི་ལིང་དུ་བསྡུས། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་པུའུ་ཀྲང་པད་ཁོ་ཚོགས་འདུར་ཞུགས་པར་མ་ཟད་གཏམ་བཤད།
ཚོགས་འདུ་ལས་བསྟན་དོན། རང་ཞིང་གི་དམངས་གཙོའི་ཏང་ཁག་སོ་སོ་དང་ཏང་ཁག་གང་ལའང་མི་གཏོགས་པའི་མི་སྣའི་གཏན་འབེབས་སློབ་སྦྱོང་དང་སྤྱོད་ཚུལ་ལ་ཤུགས་སྣོན་པ། སྣང་བརྙན་བསྐྲུན་པ་ཞེས་པའི་བརྗོད་དོན་སློབ་གསོ་ནི་ཀྲུང་གུང་ཏང་ནང་ཁུལ་དུ་སྤེལ་བཞིན་པའི་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱེད་པའི་སློབ་སྦྱོང་སློབ་གསོ་དང་གོམ་འགྲོས་གཅིག་པར་མ་ཟད། དུས་རབས་གསར་བར་བསྟུན་ནས་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་སྲིད་ཞུགས་ཏང་དང་སྲིད་ཞུགས་སྟོབས་ཤུགས་ལ་ཤུགས་སྣོན་པའི་དངོས་ཡོད་དགོས་མཁོ་ཡིན་པས། སྤྱོད་ཚུལ་འཛུགས་སྐྲུན་གྱི་གྲུབ་འབྲས་གསར་བས་ཏང་མང་མཉམ་ལས་བྱ་གཞག་གི་འཕེལ་རྒྱས་གསར་བར་སྐུལ་འདེད་གཏོང་རྒྱུར་དོན་སྙིང་གལ་ཆེན་ལྡན། ཆབ་སྲིད་ཀྱི་ལངས་གནས་མཐོར་འདེགས་གཏོང་བ་དང་། བསམ་བློའི་ངོས་འཛིན་གཅིག་གྱུར་བྱས་ཏེ། བརྗོད་དོན་སློབ་གསོ་སྤེལ་བའི་རང་རྟོགས་རང་བཞིན་དང་རང་འགུལ་རང་བཞིན། བརྟན་བརླིང་རང་བཞིན་བཅས་ཇེ་དྲག་ཏུ་གཏོང་དགོས།
ཚོགས་འདུ་ལས་ནན་གྱིས་བསྟན་དོན། དམངས་གཙོའི་ཏང་ཁག་སོ་སོ་དང་ཏང་ཁག་གང་ལའང་མི་གཏོགས་པའི་མི་སྣས་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པར་བརྟེན་ནས་བློ་སྒྲིལ་སེམས་སྐྱེད་རྒྱུན་འཁྱོངས་བྱེད་པ་དང་། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་གྱི་སྙིང་བོ་སློབ་སྦྱོང་བྱས་ནས་གོ་བ་ཟབ་མོ་ལེན་པ། དམིགས་འབེན་ལས་འགན་གཏན་འཁེལ་གསལ་བོ་བྱེད་པ་དང་། གནད་དོན་གྱི་ཁྲིད་ཕྱོགས་རྒྱུན་འཁྱོངས་བྱེད་པ། རྩ་འཛུགས་ཀྱི་བྱེད་ཐབས་ལ་ཤུགས་བསྣན་ནས། སློབ་སྦྱོང་ལ་སྤུས་ཀ་ཡོད་པ་དང་། ཞིབ་བཤེར་ལ་ཤུགས་ཚད་ཡོད་པ། སྒྱུར་བཅོས་ལ་གྲུབ་འབྲས་ལྡན་པ་བཅས་ལ་འབད་དགོས། སློབ་སྦྱོང་སློབ་གསོ་བརྒྱུད་དེ། སྤྱོད་ཚུལ་འཛུགས་སྐྲུན་ནམ་ཡང་བསྐྱུར་བཞིན་མེད་ཅེས་པའི་བླང་བྱ་དོན་ཐོག་ཏུ་འཁྱོལ་བར་བྱེད་པ་དང་། ཏང་ཕྱིའི་མི་སྣའི་ལས་སྒྲུབ་སྤྲོ་སེམས་བསྐྱེད་པར་བྱས་ཏེ། སྤྱོད་ཚུལ་འཛུགས་སྐྲུན་གྱི་གྲུབ་འབྲས་དེ་ཞབས་ཞུ་འཕེལ་རྒྱས་ཀྱི་དངོས་ཡོད་འགུལ་སྐྱོད་ལ་ཚུལ་སྒྱུར་བྱེད་པ་དང་། རང་ཞིང་གི་དུས་རབས་གསར་བའི་རྒྱལ་གཅེས་འཐབ་ཕྱོགས་གཅིག་གྱུར་སྲ་བརྟན་དང་འཕེལ་རྒྱས་བཏང་ནས། ཕྱོགས་ཡོངས་ནས་དེང་རབས་ཅན་གྱི་མཚོ་སྔོན་གསར་བ་འཛུགས་སྐྲུན་བྱེད་པར་བློ་གྲོས་དང་སྟོབས་ཤུགས་སྔར་ལས་མང་པོ་གཅིག་སྡུད་བྱེད་དགོས།
ལིའུ་ཐུང་ཏི་དང་། ཁོང་ཡུང་། ཝང་ཞོན་བཅས་ཚོགས་འདུར་ཞུགས། དམངས་གཙོའི་ཏང་ཁག་སོ་སོའི་འགན་ཁུར་བློ་མཐུན་དང་འབྲེལ་ཡོད་བློ་མཐུན་ཚོགས་འདུར་ཞུགས།
ལྷ་མོ་འཚོས་བསྒྱུར།