ཞི་ཅིན་ཕིང་དང་སུའེ་ཏེན་གྱི་རྒྱལ་པོ་ཁ་ཨར་སྐུ་ཕྲེང་བཅུ་དྲུག་པ་ཀུའུ་སི་ཐཱ་ཧྥུའོ་གཉིས་ཀྱིས་རྒྱལ་ཁབ་གཉིས་བར་འབྲེལ་བ་བཙུགས་ནས་ལོ་ངོ་དོན་ལྔ་འཁོར་བར་ཕན་ཚུན་ལ་རྟེན་འབྲེལ་ཞུ་བའི་གློག་འཕྲིན་བཏང་།
2025.05.10 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 0

ཟླ5པའི་ཚེས9ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་སུའེ་ཏེན་གྱི་རྒྱལ་པོ་ཁ་ཨར་སྐུ་ཕྲེང་བཅུ་དྲུག་པ་ཀུའུ་སི་ཐཱ་ཧྥུའོ་གཉིས་ཀྱིས་ཀྲུང་གོ་དང་སུའེ་ཏེན་བར་འབྲེལ་བ་བཙུགས་ནས་ལོ་ངོ་དོན་ལྔ་འཁོར་བར་ཕན་ཚུན་ལ་རྟེན་འབྲེལ་ཞུ་བའི་གློག་འཕྲིན་བཏང་།

ཞི་ཅིན་ཕིང་གིས་བསྟན་དོན། སུའེ་ཏེན་ནི་ཀྲུང་གོ་གསར་པ་དང་འབྲེལ་བ་བཙུགས་པའི་སྐོར་དང་པོའི་ཡོ་རོབ་གླིང་གི་རྒྱལ་ཁབ་ཀྱི་གྲས་ཡིན་ཞིང་། འབྲེལ་བ་བཙུགས་ནས་ལོ་ངོ་དོན་ལྔ་འཁོར་བའི་རིང་ལ། ཀྲུང་གོ་དང་སུའེ་ཏེན་གྱི་འབྲེལ་བ་སྤྱིའི་ཆ་ནས་གཏན་འཇགས་ཡིན་པ་དང་། རྒྱལ་ཁབ་གཉིས་ཀྱི་དཔལ་འབྱོར་ཚོང་དོན་དང་ཚན་རྩལ། སློབ་གསོ་དང་། མི་གཞུང་སོགས་མཉམ་ལས་མུ་མཐུད་དུ་རྒྱ་བསྐྱེད་དེ། གྲུབ་འབྲས་བཟང་པོ་བླངས་ཡོད། ངས་ཀྲུང་གོ་དང་སུའེ་ཏེན་གྱི་འབྲེལ་བ་འཕེལ་རྒྱས་འགྲོ་བར་མཐོང་ཆེན་ཚད་མེད་བྱེད་ཀྱིན་ཡོད་ལ། རྒྱལ་པོ་ཁ་ཨར་སྐུ་ཕྲེང་བཅུ་དྲུག་པ་ཀུའུ་སི་ཐཱ་ཧྥུའོ་དང་མཉམ་དུ་འབད་པ་བྱས་ནས། རྒྱལ་ཁབ་གཉིས་བར་འབྲེལ་བ་བཙུགས་ནས་ལོ་ངོ་དོན་ལྔ་འཁོར་བ་གོ་སྐབས་སུ་བརྩིས་ཏེ། རྒྱལ་ཁབ་གཉིས་ཀྱི་ཆབ་སྲིད་ཀྱི་ཡིད་རྟོན་ཇེ་དྲག་ཏུ་གཏོང་བ་དང་། དངོས་གཉེར་མཉམ་ལས་ཟབ་སྤེལ་བྱེད་པ། མི་སྣའི་འགྲོ་འོང་ཇེ་ཟབ་ཏུ་གཏོང་བ་བཅས་ལ་ཁྲིད་སྟོན་བྱས་ནས། ཕྱོགས་མང་རིང་ལུགས་དང་རང་མོས་ཉོ་ཚོང་ལ་མཉམ་དུ་རྒྱབ་སྐྱོར་བྱེད་པ་དང་། རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་སྔར་ལས་བདེ་སྐྱིད་མང་པོ་བསྐྲུན་ནས། འཛམ་གླིང་ཞི་བདེ་གོང་འཕེལ་ཡོང་བར་བྱས་རྗེས་སྔར་ལས་ཆེན་པོ་འཇོག་འདོད་ཡོད།

ཁ་ཨར་སྐུ་ཕྲེང་བཅུ་དྲུག་པ་ཀུའུ་སི་ཐཱ་ཧྥུའོ་ཡིས་བསྟན་དོན། སུའེ་ཏེན་དང་ཀྲུང་གོའི་བར་འབྲེལ་བ་བཙུགས་ནས་ལོ་ངོ་དོན་ལྔ་འཁོར་བའི་དུས་འདིར། ངས་ལྷག་བསམ་རྣམ་དག་གིས་སུའེ་ཏེན་དང་ཀྲུང་གོ་རྒྱལ་ཁབ་གཉིས་ཀྱི་མཉམ་ལས་སྔར་ལས་ཟབ་མོ་ཡོང་བའི་སྨོན་འདུན་ཞུ་བ་དང་། སུའེ་ཏེན་དང་ཀྲུང་གོའི་མཛའ་མཐུན་འབྲེལ་བ་རྒྱུན་ཆད་མེད་པར་འཕེལ་རྒྱས་འགྲོ་བའི་རེ་བ་བཅངས་ཡོད།

ལྷ་མོ་འཚོས་བསྒྱུར།