ཟླ5པའི་ཚེས9ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཆང་གིས་མགོ་འཛིན་གནང་ནས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་གྲོས་ཚོགས་བསྡུས་ཏེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཞིང་ཆེན་དང་རང་སྐྱོང་ལྗོངས་དང་གྲོང་ཁྱེར་བཅས་ཁག་ཅིག་གི“ལོ་ལྔའི་འཆར་འགོད་བཅོ་ལྔ་པའི”དུས་སྐབས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་སྐོར་གྱི་བཞུགས་མོལ་ཚོགས་འདུའི་སྟེང་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་ནན་མོ་བྱས། གྲོས་ཚོགས་ལས་ནན་གྱིས་བསྟན་དོན། ཏང་ཀྲུང་དབྱང་གིས“ལོ་ལྔའི་འཆར་འགོད་བཅོ་ལྔ་པའི”དུས་སྐབས་ཀྱི་དུས་རིམ་རང་བཞིན་གྱི་བླང་བྱ་ཁོང་དུ་ཆུད་པར་བྱས་ཏེ། རང་རྟོགས་སྒོས་ཚད་གཞི་དང་རེའུ་མིག་བསྡུར་བའི་སྒོ་ནས་ཁྱབ་ཁོངས་སོ་སོའི་དམིགས་འབེན་ལས་འགན་ལུགས་མཐུན་ངང་གཏན་འཁེལ་བྱས་ཡོད་པའི་དབང་གིས། ཏང་ཀྲུང་དབྱང་གི་འཐབ་ཇུས་འདོད་དོན་གང་ལེགས་སྒོས་མཚོན་དགོས། “ལོ་ལྔའི་འཆར་འགོད་བཅོ་ལྔ་པའི”དུས་སྐབས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་གཏོང་བའི་གཙོ་གནད་ལས་དོན་ལ་འཆར་འགོད་ཞིབ་མོ་བྱས་ནས། འཕེལ་རྒྱས་ཀྱི་རྣམ་པ་གསར་པ་མགྱོགས་མྱུར་ངང་བསྐྲུན་རྒྱུ་དང་། དཔལ་འབྱོར་རྒྱུན་མཐུད་ངང་ཇེ་ལེགས་སུ་འགྲོ་རྒྱུར་སྐུལ་འདེད་གཏོང་བ། ས་གནས་ཀྱི་གནས་ཚུལ་དང་བསྟུན་ནས་སྤུས་གསར་ཐོན་སྐྱེད་འཕེལ་རྒྱས་གཏོང་བ། ཐུན་མོང་ཕྱུག་འགྱུར་གྱི་ལས་དོན་ལ་བརྟན་པོའི་ངང་སྐུལ་འདེད་གཏོང་དགོས། བརྟག་དཔྱད་ཞིབ་འཇུག་བྱ་རྒྱུར་ཤུགས་བསྣན་ནས་ཕྱོགས་སོ་སོའི་བསམ་འཆར་དང་གྲོས་འགོར་རྒྱ་ཁྱབ་ཏུ་ཉན་ཏེ། འཆར་འགོད་བཟོ་བར་འདེགས་སྐྱོར་ནུས་ལྡན་འདོན་སྤྲོད་བྱེད་དགོས།
གྲོས་ཚོགས་ལས་བསྟན་དོན། ཉེ་དུས་ས་གནས་ཁ་ཤས་སུ་བདེ་འཇགས་དོན་རྐྱེན་ཅི་རིགས་གཅིག་རྗེས་གཉིས་མཐུད་ངང་བྱུང་ཏེ་བསླབ་བྱ་ཟབ་མོ་གནང་བ་དེའི་ཐོག་ནས། བདེ་འཇགས་ཐོན་སྐྱེད་ལ་དུས་ནམ་ཡང་སྣང་མེད་དུ་འཇོག་མི་རུང་བའི་གནས་ལུགས་གསལ་བཤད་བྱས་ཡོད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱས་ཏེ། ཕྱོགས་སོ་སོའི་འགན་འཁྲི་སྔར་ལས་ཇེ་བརྟན་དུ་གཏོང་དགོས་པ་དང་། ལྷག་པར་དུ“འགོག་པའི”ལས་དོན་སྟེང་སྟོབས་ཤུགས་སྔར་ལས་ཆེན་པོ་འདོན་རྒྱུ་དང་། ཉེན་ཁ་དང་འགལ་རྐྱེན་ཅི་རིགས་ལ་ཞིབ་བཤེར་ནན་མོ་བྱས་ཏེ། གཙོ་གནད་ཁྱབ་ཁོངས་དང་གཙོ་གནད་ས་གནས་ཀྱི་གནད་དོན་གཙོ་བོར་དམིགས་འབེན་རང་བཞིན་ལྡན་པའི་བྱེད་ཐབས་སྤྱད་དེ་བཅོས་སྐྱོང་བྱས་ནས། བདེ་འཇགས་དོན་རྐྱེན་ཚབས་ཆེན་མི་འབྱུང་བར་མཐའ་གཅིག་ཏུ་སྔོན་འགོག་བཀག་འགོག་བྱས་ཏེ། མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་ཀྱི་བདེ་འཇགས་དང་སྤྱི་ཚོགས་ཀྱི་ཁྱོན་ཡོངས་བརྟན་བརླིང་ལ་སྲུང་སྐྱོབ་ཏན་ཏིག་བྱེད་དགོས།
ཚོགས་ཐོག་ནས་ད་དུང་ལས་དོན་གཞན་དག་ལའང་ཞིབ་འཇུག་བྱས།
བན་དེ་སྐྱབས་ཀྱིས་བསྒྱུར།