ཞིང་ཆེན་སྲིད་གཞུང་གིས་ཏང་ཙུའུ་གྲོས་ཚོགས་དང་རྒྱུན་ལས་གྲོས་ཚོགས་བསྡུས།
2025.05.10 ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 0

ཟླ5པའི་ཚེས8ཉིན། ཞིང་ཆེན་སྲིད་གཞུང་གི་ཏང་ཙུའུ་ཧྲུའུ་ཅི། ཧྲིན་ཀྲང་ལའོ་ཏུང་ཁྲོན་གྱིས་མགོ་འཛིན་བྱས་ནས་ཞིང་ཆེན་སྲིད་གཞུང་གི་ཏང་ཙུའུ་གྲོས་ཚོགས་དང་རྒྱུན་ལས་གྲོས་ཚོགས་བསྡུས་ཏེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཉེ་དུས་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དང་ཀྲུང་དབྱང་གི་འབྲེལ་ཡོད་གྲོས་ཚོགས་ཀྱི་དགོངས་དོན་སློབ་སྦྱོང་དང་བརྒྱུད་བསྒྲགས་བྱས་པ་དང་། ཞིང་ཆེན་ཏང་ཨུའི་བཀོད་སྒྲིག་བླང་བྱ་དོན་འཁྱོལ་བྱས་ཏེ། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱེད་པའི་སློབ་སྦྱོང་སློབ་གསོ་དང་དཔལ་འབྱོར་འཕེལ་རྒྱས་སོགས་ཀྱི་བྱ་བར་ཞིབ་འཇུག་བྱས།

ཞིང་ཆེན་སྲིད་གཞུང་གི་ཏང་ཙུའུ་གྲོས་ཚོགས་ལས་ཟླ4པའི་ཚེས25ཉིན་གྱི་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་གྲོས་ཚོགས་ཀྱི་དགོངས་དོན་སློབ་སྦྱོང་དང་བརྒྱུད་བསྒྲགས་བྱས། གྲོས་ཚོགས་ལས་ནན་གྱིས་བསྟན་དོན། བསམ་བློ་དང་བྱ་སྤྱོད་གཉིས་ཏང་ཀྲུང་དབྱང་གིས་མིག་སྔའི་དཔལ་འབྱོར་གནས་བབ་ཐད་ཚན་རིག་གི་བརྡར་གཅོད་བྱས་པ་དང་དཔལ་འབྱོར་བྱ་བའི་ཇུས་ཆོད་བཀོད་སྒྲིག་སྟེང་གཅིག་གྱུར་བྱེད་པ་དང་། རྒྱལ་ཁབ་ཀྱི་འཕར་ཚད་སྲིད་ཇུས་བེད་སྤྱོད་ལེགས་པོ་བྱས་ཏེ། ལས་ཞུགས་གཏན་འཇགས་དང་ཁེ་ལས་བརྟན་པོ། ཁྲོམ་ར་བརྟན་འཇགས། སྔོན་རྩིས་བརྟན་པོ་བཅས་ཀྱི་བྱ་བ་གཙོ་བོ་འབུར་དུ་ཐོན་པར་བྱེད་པ་དང་། འགན་འཁྲི་ཁག་ཁུར་ལ་ཤུགས་སྣོན་པ། དཔལ་འབྱོར་འཁོར་རྒྱུག་དང་བདེ་འཇགས་བརྟན་བརླིང་། དམངས་ཚིས་ལེགས་སྒྱུར་སོགས་བྱ་བ་སྣ་ཚོགས་དམ་འཛིན་ནན་མོ་བྱས་ཏེ། དཔལ་འབྱོར་བཟང་ཕྱོགས་སུ་འཕེལ་བའི་རྣམ་པ་ལེགས་པོ་སྲུང་འཛིན་བྱེད་དགོས།

གྲོས་ཚོགས་ལས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མགོ་འཛིན་མཛད་ནས་བསྡུས་པའི་ཞིང་ཆེན་དང་གྲོང་ཁྱེར་ཁ་ཤས་ཀྱི་ལོ་ལྔའི་འཆར་འགོད་བཅོ་ལྔ་པའི་སྐབས་ཀྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཀྱི་བཞུགས་མོལ་ཚོགས་འདུ་དང་། ཀྲུང་ཧྭ་རྒྱལ་ཡོངས་སྤྱིའི་བཟོ་ཚོགས་བཙུགས་ནས་ལོ་ངོ་བརྒྱ་འཁོར་བར་རྟེན་འབྲེལ་ཞུ་བ་དང་རྒྱལ་ཡོངས་ངལ་རྩོལ་དཔེ་ལེགས་ཅན་དང་སྔོན་ཐོན་བྱ་བ་སྒྲུབ་མཁན་གྱི་གཟེངས་བསྟོད་ཚོགས་ཆེན་སྟེང་གནང་བའི་གསུང་བཤད་གལ་ཆེན། ཞེ་དབྱི་ཐི་སློབ་ཆུང་མཐའ་སྲུང་སློབ་གསོ་རོགས་སྐྱོར་ནུབ་རྒྱུད་འཆར་གཞིའི་དང་བླངས་ཞབས་ཞུའི་རུ་ཁག་གི་རུ་མི་ཚོར་འཕྲིན་ལན་སྤྲིངས་པ་དང་། ནམ་ཟླ་དང་དྲང་གཞག་ཚུལ་སྒྱུར་གྱི་མགོ་ཁྲིད་པའི་རྩེ་ཚོགས་སྟེང་ཕུལ་བའི་ཤིས་ཚིག་བཅས་ཀྱི་དགོངས་དོན་སློབ་སྦྱོང་དང་བརྒྱུད་བསྒྲགས་བྱས།  གྲོས་ཚོགས་ལས་ནན་གྱིས་བསྟན་དོན། གནས་བབ་ཀྱི་འགྱུར་ལྡོག་ལ་བསྟུན་པ་དང་། འཐབ་ཇུས་ཀྱི་གཙོ་གནད་དམ་འཛིན་ཡང་དག་བྱས་ཏེ། ཚན་རིག་དང་མཐུན་པའི་སྒོ་ནས་རང་ཞིང་གི་ལོ་ལྔའི་འཆར་འགོད་བཅོ་ལྔ་པ་གཏན་འབེབས་བྱེད་དགོས། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་དམིགས་ནས། ཞིང་ཆེན་ཡོངས་ཀྱི་རྒྱ་ཆེའི་ལས་བཟོ་པ་དང་ངལ་རྩོལ་མང་ཚོགས་ཀྱིས་བྱས་རྗེས་འཇོག་པ་དང་གསར་གཏོད་གསར་སྐྲུན་བྱེད་པར་སྐུལ་ལྕག་བྱེད་དགོས། འཕེལ་རྒྱས་ཀྱི་སྟེགས་བུ་བསྐྲུན་པ་དང་། ཞབས་ཞུའི་འགན་སྲུང་ལེགས་པོར་སྒྲུབ་ནས། རྒྱ་ཆེའི་ན་གཞོན་རྣམས་དེང་རབས་ཅན་འཛུགས་སྐྲུན་གྱི་བྱ་གཞག་ཁྲོད་ཧུར་ཐག་གིས་ཞུགས་པར་ཁྲིད་སྟོན་བྱེད་དགོས། དག་གཙང་ནུས་ཁུངས་དང་ལྗང་མདོག་རྩིས་ནུས། སྐྱེ་ཁམས་ཡུལ་སྐོར་སོགས་ཁྱབ་ཁོངས་ཀྱི་ཕྱོགས་ཡོངས་ཀྱི་སྒོ་འབྱེད་མཉམ་ལས་ཟབ་སྤེལ་བྱས་ཏེ། ཕྱི་ཕྱོགས་བརྗེ་རེས་མཉམ་ལས་ཀྱི་རྣམ་པ་གསར་པ་མུ་མཐུད་དུ་གཏོད་དགོས།

གྲོས་ཚོགས་ལས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ལེའོ་ཉིང་ཞིང་ཆེན་ལེའོ་དབྱང་གྲོང་ཁྱེར་པའེ་ཐ་ས་ཁུལ་གྱི་ཟ་ཁང་ཞིག་ཏུ་མེ་སྐྱོན་བྱུང་བ་དང་ཀུའེ་ཀྲོའུ་པིས་ཅེ་གྲོང་ཁྱེར་ཆན་ཞི་གྲོང་ཁྱེར་གྱི་ཡུལ་སྐོར་གྲུ་གཟིངས་ཀྱི་དོན་རྐྱེན་ཐད་མཛུབ་སྟོན་གལ་ཆེན་གནང་བའི་དགོངས་དོན་སློབ་སྦྱོང་དང་བརྒྱུད་བསྒྲགས་བྱས། གྲོས་ཚོགས་ལས་ནན་གྱིས་བསྟན་དོན། བདེ་འཇགས་ཐོན་སྐྱེད་དམ་འཛིན་བྱེད་པའི་ཆབ་སྲིད་ཀྱི་འགན་འཁྲིའི་འདུ་ཤེས་ཇེ་དྲག་ཏུ་གཏོང་བ་དང་། ཁྱབ་ཁོངས་གཙོ་བོ་དང་གནས་ཡུལ་གཙོ་བོ། ཉམས་ཞན་ལས་རིམ་བཅས་ལ་དམ་པོར་དམིགས་ནས། བདེ་འཇགས་ཐོན་སྐྱེད་ཀྱི་རྩ་བཅོས་འགག་སྒྲོལ་གྱི་ལོ་གསུམ་གྱི་འགུལ་སྐྱོད་ཁྲིད་སྟོན་དུ་བྱེད་པ་དང་། བདེ་འཇགས་ཐོན་སྐྱེད་དང་རང་བྱུང་གནོད་འཚེའི་མི་མངོན་པའི་རྐྱེན་ངན་གྲལ་བཤེར་ལེགས་བཅོས་ཀྱི་ཆེད་དོན་བྱ་བར་སྐུལ་འདེད་ནན་མོ་བཏང་སྟེ། དོན་རྐྱེན་ཚབས་ཆེན་འབྱུང་བར་མཐའ་གཅིག་ཏུ་བཀག་འགོག་བྱེད་དགོས། 

གྲོས་ཚོགས་ལས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཐུན་མོང་སློབ་སྦྱོང་ཐེངས་ཉི་ཤུ་པ་དང་ཧྲང་ཧེ་ལ་གཟིགས་ཞིབ་མཛད་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་བརྒྱུད་བསྒྲགས་བྱས། གྲོས་ཚོགས་ལས་ནན་གྱིས་བསྟན་དོན། མི་ཐབས་རིག་ནུས་འཕེལ་རྒྱས་ཀྱི་གོ་སྐབས་དམ་འཛིན་ནན་མོ་བྱས་ཏེ། བློ་བརྟན་འགྱུར་མེད་སྒོས་ལྗང་མདོག་རྩིས་གློག་མཐུན་སྦྱོར་འཕེལ་རྒྱས་ཀྱི་ལམ་དུ་བསྐྱོད་པ་དང་། ཤར་རྒྱུད་ས་ཁུལ་གྱི་གཞི་གྲངས་ཀྱིས་མཚོ་སྔོན་ལ་རོགས་སྐྱོར་བྱེད་པའི་མཉམ་ལས་ཟབ་སྤེལ་བྱེད་པ།  མི་ཐབས་རིག་ནུས་དང་སྐྱེ་ཁམས་སྲུང་སྐྱོབ་དང་ཐོན་ལས་ཀྱི་གནས་བཞི་བསྐྲུན་པ་བཅས་མཉམ་འདྲེས་ཟབ་མོ་བྱེད་པར་སྐུལ་འདེད་བཏང་སྟེ། ས་གནས་ཀྱི་བཀོད་སྒྲིག་ཇེ་མགྱོགས་སུ་གཏོང་བ་དང་། གནས་ཡུལ་བེད་སྤྱོད་གསར་གཏོད་བྱེད་པ། ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་སྤྱི་ཚོགས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྟོབས་ནུས་ལེགས་པོ་སྩོལ་དགོས།

གྲོས་ཚོགས་ལས་ཞིང་ཆེན་སྲིད་གཞུང་ཏང་ཙུའུ་ཡིས་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱེད་པའི་སློབ་སྦྱོང་སློབ་གསོའི་འཕེལ་རིམ་གནས་ཚུལ་གྱི་སྙན་ཞུར་ཉན། གྲོས་ཚོགས་ལས་ནན་གྱིས་བསྟན་དོན། བསམ་བློའི་གོ་རྟོགས་ཇེ་མཐོར་གཏོང་བ་དང་། ངར་ཤུགས་དྲག་པོར་བརྟེན་ནས། དངོས་སུ་སློབ་སྦྱོང་དང་རྒྱུན་དུ་སློབ་སྦྱོང་བྱེད་པ། དངོས་སུ་ཞིབ་བཤེར་དང་ཐག་གཅོད་བྱེད་པ། དངོས་སུ་བསྒྱུར་བཅོས་དང་ལག་ལེན་བཅས་བྱས་ཏེ། སྲིད་གཞུང་ལས་ཁུངས་ཀྱིས་སློབ་སྦྱོང་སློབ་གསོ་ལེགས་པོར་སྤེལ་བར་དཔེ་སྟོན་བྱེད་དགོས།

ཞིང་ཆེན་སྲིད་གཞུང་གི་རྒྱུན་ལས་གྲོས་ཚོགས་ལས་ཉེ་དུས་ཀྱི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་གྲོས་ཚོགས་ཀྱི་དགོངས་དོན་སློབ་སྦྱོང་དང་བརྒྱུད་བསྒྲགས་བྱས། གྲོས་ཚོགས་ལས་ནན་གྱིས་བསྟན་དོན། ནུས་ཤུགས་ཡོད་རྒུས་ལས་ཞུགས་གཏན་འཇགས་དང་འཛད་སྤྱོད་ལ་སྐུལ་འདེད་གཏོང་བ། ནང་མཁོ་རྒྱ་བསྐྱེད་པ། སྒྲིག་གཞི་ལེགས་སྒྱུར་བྱེད་པ། སྤུས་ཚད་མཐོར་འདེགས་གཏོང་བ་བཅས་བྱས་ཏེ། སྤུས་ཚད་བདེ་འཇགས་ཀྱི་ལྟ་སྐུལ་དོ་དམ་དང་། མཛེས་སྡུག་གི་ཆུ་བོར་སྲུང་སྐྱོབ་དང་དེ་འཛུགས་སྐྲུན། དཀའ་ཁག་ཡོད་པའི་བྱིས་པའི་ཕན་བདེ་འགན་སྲུང་སོགས་ཀྱི་བྱ་བ་ལེགས་པོར་སྒྲུབ་དགོས།

གྲོས་ཚོགས་སྟེང་དོན་དག་གཞན་པར་ཞིབ་འཇུག་བྱས།

ལྷ་མོ་འཚོས་བསྒྱུར།