ཟླ5ཚེས10ཉིན། “མཛེས་སྡུག་གི་མཚོ་སྔོན། མཐོ་སྒང་གི་རྐང་གྲུག”ཅེས་པའི་རིམ་འདས་མཉམ་འབྲེལ་འགྲན་སྡུར་སྐབས་གཉིས་པ་མཚོ་སྔོན་ལུས་རྩལ་ལྟེ་གནས་སུ་མགོ་བརྩམས། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཝུའུ་ཞའོ་ཅུན་དང་། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ལའོ་ཏུང་ཁྲོན་འགན་སྡུར་མགོ་རྩོམ་པའི་མཛད་སྒོར་ཞུགས།
ཞིང་ཆེན་གྱི་མགོ་ཁྲིད་མགོན་པོ་བཀྲ་ཤིས་དང་ལིའུ་ཆི་ཧྥན། ཝང་ལིས་མེན། ལིའུ་མེ་ཕིན། ཝང་ཏ་ནན། ལིའུ་ཐུང་ཏི་བཅས་མགོ་རྩོམ་མཛད་སྒོར་ཞུགས། ཝང་ཝེ་ཏུང་དང་ཁྲིན་ཅི་ཝེ་ཡིས་ཤིས་ཚིག་ཕུལ་བ་དང་། ཚེ་རིང་ཐར་གྱིས་མགོ་འཛིན་བྱས་པ་མ་ཟད་བྱ་འགུལ་མགོ་བརྩམས་པ་ཁྱབ་བསྒྲགས་བྱས།
མཚོ་སྔོན་ལུས་རྩལ་ལྟེ་གནས་ཀྱི་ཕྱི་རོལ་དུ། ཞིང་ཆེན་ཡོངས་ཀྱི་ས་གནས་སོ་སོ་ནས་ཡོང་བའི་ཁེ་ལས་མང་པོ་འདུས་ཡོད་པ་དང་། མཚོ་སྔོན་གྱི་ཁྱད་ཆོས་དང་དགེ་མཚན་ལྡན་པའི་ཞིང་ཕྱུགས་ཐོན་རྫས་དང་། གཟུགས་འདས་ཤུལ་བཞག་མིན་པའི་ཐོན་རྫས། ཁྱད་ཆོས་ལྡན་པའི་ལག་ཤེས་བཟོ་རྩལ་ཐོན་རྫས་བཅས་གང་སར་ཁྱབ་ཡོད་པ་དང་རྣམ་པ་ཕུན་སུམ་ཚོགས། བྱ་འགུལ་མགོ་མ་བརྩམས་པའི་སྔོན་དུ། ཝུའུ་ཞའོ་ཅུན་དང་ལའོ་ཏུང་ཁྲོན་གྱིས་ལུས་རྩལ་ཁང་གི་ཕྱི་རོལ་དུ་སྐོར་སྐྱོད་འགྲེམས་སྟོན་ལ་བལྟས་པ་དང་། འགྲེམས་སྟོན་ཁུལ་དུ་བསྐྱོད་ནས་ལས་བཟོ་པ་དང་བྱམས་བརྩེའི་བརྗེ་རེས་བྱས་ཏེ་འགྲེམས་སྟོན་དང་ཁྲོམ་ར་རྒྱ་བསྐྱེད་པ། ཟོང་རྟགས་ཁྱབ་གདལ་བྱེད་པ་སོགས་ཀྱི་གནས་ཚུལ་ལ་རྒྱུས་ལོན་ཞིབ་ཕྲ་བྱས། ཁོ་ཚོས་འགྲེམས་ཞུགས་ལས་ཁུངས་སོ་སོས་འགྲན་སྡུར་བྱེད་སྒོ་སོགས་ཀྱི་གོ་སྐབས་དམ་འཛིན་བྱས་ཏེ། ཞིང་ལས་དང་ལུས་རྩལ། རིག་གནས་ཡུལ་སྐོར་བཅས་ཀྱི་ཚོང་ལས་མཉམ་འདྲེས་གཏིང་ཟབ་ཏུ་གཏོང་བ་དང་། སྔར་ལས་མང་པོའི་ཡུལ་སྐོར་པ་དང་གྲོང་མི་ཉམས་ལེན་ནང་ཞུགས་རྒྱུའི་ཡིད་དབང་འགུག་པ། དྲ་ཐོག་དང་ཚོང་ཁང་གི་ཕྱིར་འཚོང་བར་སྟོང་སྔར་ལས་རྒྱ་བསྐྱེད་པ། འཛད་སྤྱོད་ཀྱི་གསོན་ཤུགས་འདོན་སྤེལ་གང་ལེགས་བྱེད་པ། “ས་གཙང་གི་མཚོ་སྔོན། མཐོ་སྒང་གི་སྤུས་ལེགས་ཐོན་རྫས”ཟོང་རྟགས་ཀྱི་མཚན་སྙན་དང་ཤུགས་རྐྱེན་ནུས་ལྡན་ངང་ཆེ་རུ་གཏོང་བ་དང་། འགྲན་སྡུར་གྱི་བཞུར་ཚད་དེ་འཕེལ་རྒྱས་ཀྱི་འཕར་ཚད་དུ་བསྒྱུར་ནས། ཆུ་ཚད་མཐོ་བའི་ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཕྱིར་གཏོང་བྱ་ཡུལ་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་དགོས་པའི་སྐུལ་ལྕག་བྱས།
“མཚོ་སྔོན་གྱི་རིམ་འདས་མཉམ་འབྲེལ་འགྲན་སྡུར”སྤེལ་བ་ནི་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་གྱི་བྱ་བར་བཏོན་པའི་བླང་བྱ་གལ་ཆེན་ལག་བསྟར་གཏིང་ཟབ་དང་དོན་འཁྱོལ་བྱེད་པ་དང་། རྒྱལ་སྤྱིའི་སྐྱེ་ཁམས་ཡུལ་སྐོར་དམིགས་ས་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ། “ཞིང་ལས་ལུས་རྩལ་རིག་གནས་ཡུལ་སྐོར་ཚོང་ལས”བཅས་ཀྱི་ཐོན་ལས་མཉམ་འདྲེས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་བཅས་ཀྱི་བྱེད་ཐབས་གལ་ཆེན་ཞིག་རེད། མཚོ་སྔོན་གྱིས་རྐང་རྩེད་སྤོ་ལོའི་འགྲན་སྡུར་ཐེངས་གཅིག་སྤེལ་བ་དེས་རྒྱལ་ཡོངས་དང་ཐ་ན་འཛམ་གླིང་ལ་མཚོ་སྔོན་གྱི་ཕུན་སུམ་ཚོགས་པའི་རིག་གནས་ཡུལ་སྐོར་ཐོན་ཁུངས་དང་། སྤུས་ལེགས་ཀྱི་ཞིང་ཕྱུགས་ཐོན་རྫས། དེ་མིན་སྣ་མང་ཕུན་སུམ་ཚོགས་པའི་མི་རིགས་ཀྱི་རིག་གནས་བཅས་ཕྱོགས་ཡོངས་ནས་མངོན་པར་བྱས་ཏེ། འགྲན་སྡུར་གྱིས་དཔལ་འབྱོར་ལ་སྐུལ་ཁྲིད་བྱས་པ་དང་། ལུས་རྩལ་གྱིས་འཛད་སྤྱོད་ལ་སྐུལ་འདེད་བཏང་བས། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་མཚོ་སྔོན་གྱི་ལག་ལེན་ལ་སྐུལ་འདེད་གཏོང་བར་སྒུལ་ཤུགས་གསར་པ་འདོན་སྤྲོད་བྱས། ཐེངས་འདིའི“མཚོ་སྔོན་རིམ་འདས་མཉམ་འབྲེལ་འགྲན་སྡུར”ཟླ5པ་ནས་མགོ་བརྩམས་ཏེ་ཟླ9པར་མཇུག་བསྒྲིལ་རྒྱུ་ཡིན་པ་དང་། གཙོ་གནད་ལས་སྒོ་མཛུབ་ཁྲིད་བྱས་ནས་རྣམ་པ་མང་པོའི་ལས་སྒོའི་རམ་འདེགས་བྱས་ཏེ་ཞིང་ཕྱུགས་ཐོན་རྫས་འགྲེམ་འཚོང་བྱེད་པ་དང་། གཟུགས་འདས་ཤུལ་བཞག་རིག་གནས་རྩ་ཆེན། རིག་གནས་གསར་གཏོད་ཀྱི་བརྩམས་ཆོས། ཁྱད་ཆོས་ལྡན་པའི་ལག་ཤེས་བཟོ་རྩལ་ཐོན་རྫས་སོགས་གཅིག་བསྡུས་བྱས་ནས་མཚོ་སྔོན་གྱི་ཐུན་མོང་མ་ཡིན་པའི་ཡིད་དབང་འཕྲོག་ཤུགས་མངོན་པར་བྱེད་རྒྱུ་རེད།
མགོ་རྩོམ་མཛད་སྒོ་མཇུག་བསྒྲིལ་རྗེས། ཞིང་ཆེན་གྱི་མགོ་ཁྲིད་དང་ཡུལ་དངོས་ཀྱི་ལྟད་མོ་པས་མཉམ་དུ་མགོ་རྩོམ་འགྲན་སྡུར་ལ་བལྟས།
ཤ་བོ་རིན་མཚོས་བསྒྱུར།