ཟླ5པའི་ཚེས10ཉིན། གུང་གཞོན་ཚོགས་པ་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་གིས་ཞིང་ཆེན་འཕེལ་རྒྱས་དང་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་དང་། ཞིང་ཆེན་སློབ་གསོ་ཐིན། ཞིང་ཆེན་བཟོ་ལས་དང་ཆ་འཕྲིན་ཅན་ཐིན། ཞིང་ཆེན་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིན། ཞིང་ཆེན་སྡོད་ཁང་དང་མཁར་གྲོང་འཛུགས་སྐྲུན་ཐིན། ཞིང་ཆེན་དམག་ཁོངས་ལས་ཕྱིར་བུད་པའི་དམག་མིའི་ལས་དོན་ཐིན། ཞིང་ཆེན་བུད་མེད་མཉམ་འབྲེལ་ལྷན་ཚོགས། ཞིང་ཆེན་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས། ཞིང་ཆེན་གཞི་གྲངས་ཅུའུ་བཅས་དང་མཉམ་འབྲེལ་སྒོས་མཚོ་སྔོན་གྱི་གུང་གཞོན་ཚོགས་པས་ན་གཞོན་གྱི་ལས་ཞུགས་ལ་ཞབས་འདེགས་ཞུ་བའི་ཆེད་དོན་གདན་འགུག་ཚོགས་འདུ་བསྡུས། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ་ཉི་མ་སྒྲོལ་མ་དང་། ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཐེན་ཁུའེ་བྱེད་སྒོར་ཞུགས།
ཆེད་དོན་གདན་འགུག་ཚོགས་འདུར་བསྡོམས་པས་ལས་བཟོ་པ་བཀོལ་བའི་ཁེ་ལས་བཞི་བརྒྱ་དྲུག་ཅུ་རྩ་འཛུགས་བྱས་ནས། ལས་ཞུགས་ལས་གནས་ཁྲི་གཅིག་དང་སུམ་བརྒྱ་དོན་གཅིག་འདོན་སྤྲོད་བྱས་པར་མ་ཟད། དྲ་ཐོག་ཏུ་ཁ་གཏད་རོགས་སྐྱོར་དང་ཤར་ནུབ་རྒྱུད་མཉམ་ལས་ཀྱི་གདན་འགུག་ལས་གནས་མཁོ་འདོན་བྱས་པ་དང་། ཅང་སུའུ་དང་ཀྲེ་ཅང་སོགས་ཞིང་ཆེན་ཕྱིའི་ལས་བཟོ་པ་བཀོལ་བའི་ཁེ་ལས་ཉིས་བརྒྱ་གྱ་བརྒྱད་དང་སྦྲེལ་མཐུད་བྱས་ཏེ། ལས་ཞུགས་ལས་གནས་སྟོང་ལྔ་དང་བཞི་བརྒྱ་སོ་བདུན་འདོན་སྤྲོད་བྱས། དེ་དང་མཉམ་དུ་དྲ་ཐོག་ཐད་གཏོང་བརྒྱུད་དེ་ལས་གནས་ངོ་སྤྲོད་བྱེད་པའི་རྣམ་པ་སྤྱད་པ་དང་། ན་གཞོན་ཚོར་ལས་གནས་འཚོལ་བའི་སྟེགས་བུ་བསྐྲུན་ནས། གདན་འགུག་ཁྱབ་ཁོངས་རྒྱ་བསྐྱེད། གདན་འགུག་ལས་གནས་དེ་མི་ཐབས་རིག་ནུས་དང་འཕྲུལ་ཆས་སྒྲིག་བཟོ། རིག་གནས་སྨྱན་སྦྱོར་སོགས་ལས་རིགས་ཁྱབ་ཁོངས་སུ་ཁེབས་ཡོད་ལ། ན་གཞོན་ཚོགས་པ་མི་འདྲ་བའི་ལས་གནས་འཚོལ་བའི་དགོས་མཁོ་བསྐངས། དེ་དང་མཉམ་དུ། 2025ལོའི་རྒྱལ་ཡོངས་དང་ས་གནས་ཀྱི་ནུབ་རྒྱུད་འཆར་འགོད་ལས་གཞིའི་བསྡུ་འགུག་འཆར་གཞི་ཁྱབ་བསྒྲགས་བྱས་པ་དང་། སློབ་ཆེན་མཐར་ཕྱིན་སློབ་མ་དང་མཐར་ཕྱིན་ནས་ལོ་གཉིས་ཀྱི་ནང་ལས་ཞུགས་བྱས་མེད་པའི་སློབ་ཆེན་སློབ་མར་གཞི་རིམ་ལ་ཞབས་འདེགས་ཞུ་བའི་ལས་གནས་ལྔ་བརྒྱ་ལྷག་འདོན་སྤྲོད་བྱས། གདན་འགུག་ཚོགས་འདུའི་ཡུལ་དངོས་སུ་ད་དུང་ལས་གནས་འཚོལ་མཁན་དག་ལ་ལས་ཞུགས་མཛུབ་སྟོན་དང་ལས་རིགས་འཆར་འགོད་སོགས་ཀྱི་ཞབས་ཞུ་འདོན་སྤྲོད་བྱས་པ་དང་། མ་ལག་ཅན་དང་ཕྱོགས་ཡོངས་ནས་ན་གཞོན་ཚོས་ལས་ཞུགས་ལས་གནས་འཚོལ་བར་ཞབས་འདེགས་ཞུས་པས། ཁྱོན་བསྡོམས་ལས་གནས་འཚོལ་མཁན་ཁྲི་གསུམ་ལྷག་གདན་འགུག་བྱས་ཤིང་། དྲ་ཐོག་ཐད་གཏོང་བརྒྱུད་དེ་ལས་གནས་ངོ་སྤྲོད་བྱེད་པར་ལྟ་མཁན་མི་ཐེངས་ཁྲི་གཉིས་དང་སྟོང་གཅིག་ལ་ཉེ་བ་ཡོད་པ་དང་། ཡུལ་དངོས་སུ་ལས་གནས་འཚོལ་བའི་ཐོ་འགོད་དང་ངོ་སྤྲོད་ཡི་གེ་སྤྲོད་མཁན་མི་ཐེངས་སྟོང་དྲུག་དང་བརྒྱད་བརྒྱ་ཉེར་དྲུག་ལྷག་ཡོད་ལ། ཐོག་མའི་ལས་ཞུགས་མོས་མཐུན་ཡོད་མཁན་མི་སྟོང་གཉིས་དང་བརྒྱ་དང་ཉེར་དགུར་སླེབས།
ལྷ་མོ་འཚོས་བསྒྱུར།