ལའོ་ཏུང་ཁྲོན་གྱིས་ཀྲུང་གོ་ཀྲུང་ཁྲིག་སྡེ་ཚོགས་ཀྱི་རྐང་གཉེར་དབུ་གཙོ་སུན་ཡུང་ཚའེ་སོགས་ལ་ཐུག་འཕྲད་བྱས།
2025.05.12 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 0

ཟླ5པའི་ཚེས11ཉིན། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ལའོ་ཏུང་ཁྲོན་གྱིས་ཟི་ལིང་དུ་ཀྲུང་གོ་ཀྲུང་ཁྲིག་སྡེ་ཚོགས་ཚད་ཡོད་ཀུང་ཟིའི་རྐང་གཉེར་དབུ་གཙོ་སུན་ཡུང་ཚའེ་སོགས་ལ་ཐུག་འཕྲད་བྱས།

ལའོ་ཏུང་ཁྲོན་གྱིས་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཝུའུ་ཞའོ་ཅུན་བཅས་ཀྱི་ཚབ་བྱས་ནས་སུན་ཡུང་ཚའེ་སོགས་ལ་དགའ་བསུ་ཞུས་པ་དང་། ཀྲུང་གོ་ཀྲུང་ཁྲིག་སྡེ་ཚོགས་ཀྱིས་དུས་ཡུན་རིང་བོར་མཚོ་སྔོན་གྱི་འཕེལ་རྒྱས་ཐད་རྒྱབ་སྐྱོར་བྱས་པར་བཀའ་དྲིན་ཆེ་ཞུས། ཁོས་བཤད་རྒྱུར། མིག་སྔར་མཚོ་སྔོན་གྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཁྲིད་སྟོན་མཛད་པའི་ཁ་ཕྱོགས་བརྒྱུད་དེ་ངར་སྐྱེད་མདུན་སྐྱོད་བྱེད་པ་དང་། སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་གསར་སྐྲུན་བྱེད་པ་དང་ཐོན་ལས་ཀྱི་གནས་བཞི་འཛུགས་སྐྲུན་བྱེད་བཞིན་པའི་སྒང་ཡིན་ལ། ལྗང་མདོག་རྩིས་གློག་མཉམ་ལས་འཕེལ་རྒྱས་སུ་གཏོང་བར་སྐུལ་འདེད་བཏང་སྟེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་མཚོ་སྔོན་གྱི་ལག་ལེན་ཐད་ནས་གོམ་སྟབས་བརྟན་པོ་སྒྱུར་བཞིན་ཡོད།  ཕྱོགས་གཉིས་ཀྱིས་ནུས་ཁུངས་གསར་པའི་ཐོན་ལས་འདུ་ཚོགས་འཕེལ་རྒྱས་དང་མཐོ་རིམ་གོ་མཚོན་བཟོ་སྐྲུན། དག་གཙང་ནུས་ཁུངས་འགྲིམ་འགྲུལ་སོགས་ཁྱབ་ཁོངས་ཀྱི་དངོས་གཉེར་མཉམ་ལས་སྔར་ལས་ཇེ་ཟབ་ཏུ་གཏོང་བ་དང་། ཀྲུང་ཁྲིག་སྡེ་ཚོགས་ཀྱི་ཚན་རིག་ཞིབ་འཇུག་དང་ལག་རྩལ། གོ་མཚོན་བཟོ་སྐྲུན་སོགས་ཐད་ཀྱི་དགེ་མཚན་འདོན་སྤེལ་གང་ལེགས་བྱེད་པ། མཚོ་སྔོན་གྱི་ཁྱད་འཕགས་དགེ་མཚན་དང་ཟུང་འབྲེལ་བྱེད་པ། ཚན་རིག་ཞིབ་འཇུག་དང་གསར་གཏོད་ལ་ཤུགས་སྣོན་པ། ཐོན་ཁུངས་ནང་འདྲེན་བྱེད་པ། རྒྱལ་ནང་གི་རྩེ་གྲས་ཀྱི་ཐོན་ལས་ཕྲེང་འབྲེལ་དང་མཁོ་འདོན་ཕྲེང་འབྲེལ། གསར་གཏོད་ཕྲེང་འབྲེལ་དང་སྣེ་འདྲེན་ཁེ་ལས་གསར་སྐྲུན་བྱས་ཏེ། མཉམ་དུ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་མཉམ་རྒྱལ་གྱི་རྣམ་པ་གསར་པ་གྲུབ་པར་བྱེད་རྒྱུའི་རེ་བ་བཅངས་ཡོད། མཚོ་སྔོན་གྱིས་རྒྱུན་མཐུད་ངང་ཚོང་ར་ཅན་དང་ཁྲིམས་སྐྱོང་ཅན། རྒྱལ་སྤྱི་ཅན་གྱི་ཚོང་གཉེར་ཁོར་ཡུག་བཟང་བོ་བསྐྲུན་ནས། ཁེ་ལས་ཀྱིས་བློ་བདེ་པོས་མ་དངུལ་གཏོང་བ་དང་སེམས་བདེ་མོས་འཕེལ་རྒྱས་གཏོང་ཐུབ་པར་བྱེད་རྒྱུ་ཡིན།

སུན་ཡུང་ཚའེ་ཡིས་ཀྲུང་གོ་ཀྲུང་ཁྲིག་སྡེ་ཚོགས་ཀྱི་ཐོན་ལས་འཕེལ་རྒྱས་དང་མ་འོངས་པའི་བཀོད་སྒྲིག མཚོ་སྔོན་གྱི་ལས་སྒོའི་གནས་ཚུལ་བཅས་ངོ་སྤྲོད་བྱས། ཁོས་འགྲན་ལམ་གཉིས་དང་འདུ་ཚོགས་གཉིས་ཀྱི་འཕེལ་རྒྱས་ཀྱི་རྣམ་པ་གསར་པར་རྐང་འཛུགས་པ་དང་། ལག་རྩལ་གྱི་དགེ་མཚན་དང་ཐོན་ལས་ཕྲེང་འབྲེལ་གྱི་དགེ་མཚན་ལ་རྒྱབ་བརྟེན་ནས། མཚོ་སྔོན་དུ་མ་དངུལ་གཏོང་ཚད་ཇེ་མང་དུ་གཏོང་བ་དང་། མཚོ་སྔོན་གྱི་ལས་གཞི་འཛུགས་སྐྲུན་བྱེད་ཚད་ཇེ་མགྱོགས་སུ་གཏོང་བ། ཐོན་ཁུངས་བཀོད་སྒྲིག་དང་ཐོན་ལས་གྲུབ་ཚུལ་ཇེ་ལེགས་སུ་གཏོང་བ། ཕྱོགས་གཉིས་ཀྱི་ཁྱབ་ཁོངས་སོ་སོའི་མཉམ་ལས་ཐད་ནས་གྲུབ་འབྲས་སྔར་ལས་མང་པོ་ལེན་པར་སྐུལ་འདེད་བཏང་སྟེ། དེང་རབས་ཅན་གྱི་མཚོ་སྔོན་གསར་པ་འཛུགས་སྐྲུན་བྱེད་པར་རོགས་ཤུགས་འདོན་རྒྱུའི་ཚུལ་བསྟན།

ལིའུ་ཁྲའོ་ཐུག་འཕྲད་ལ་ཞུགས། 

རིན་ཆེན་མཚོས་བསྒྱུར།