ཞི་ཅིན་ཕིང་ཀྲུང་གོ་དང་ལཱ་ཏིང་མེ་གླིང་དང་ཅ་ལི་པིས་རྒྱལ་ཁབ་ཀྱི་ཐུན་མོང་ཚོགས་པའི་གླེང་སྟེགས་སྐབས་བཞི་པའི་པུའུ་ཀྲང་རིམ་པའི་ཚོགས་འདུའི་མགོ་རྩོམ་མཛད་སྒོར་ཞུགས་ཏེ་གསུང་བཤད་གལ་ཆེན་གནང་རྒྱུ་རེད།
2025.05.12 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 0

ཀྲུང་གོ་དང་ལཱ་ཏིང་མེ་གླིང་ཕྱོགས་གཉི་གས་མཉམ་དུ་གྲོས་ཐག་བཅད་པ་བརྒྱུད། ཀྲུང་གོ་དང་ལཱ་ཏིང་མེ་གླིང་དང་ཅ་ལི་པིས་རྒྱལ་ཁབ་ཀྱི་ཐུན་མོང་ཚོགས་པའི་གླེང་སྟེགས་སྐབས་བཞི་པའི་པུའུ་ཀྲང་རིམ་པའི་ཚོགས་འདུ་ཟླ5པའི་ཚེས13ཉིན་པེ་ཅིང་དུ་འཚོགས་རྒྱུ་ཡིན་ལ། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཀྲུའུ་ཞི་ཞི་ཅིན་ཕིང་ཚོགས་འདུའི་མགོ་རྩོམ་མཛད་སྒོར་ཞུགས་ཏེ་གསུང་བཤད་གལ་ཆེན་གནང་རྒྱུ་རེད།

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན། ཕྱི་འབྲེལ་པུའུ་ཡི་པུའུ་ཀྲང་ཝང་དབྱི་ཡིས་ཚོགས་འདུར་མགོ་འཛིན་བྱ་རྒྱུ་རེད། ལཱ་ཏིང་མེ་གླིང་གི་ཐུན་མོང་ཚོགས་པའི་ཁོངས་གཏོགས་རྒྱལ་ཁབ་ཀྱི་ཕྱི་འབྲེལ་པུའུ་ཀྲང་ངམ་འཐུས་མི། འབྲེལ་ཡོད་ས་ཁོངས་རང་བཞིན་གྱི་རྒྱལ་སྤྱིའི་རྩ་འཛུགས་ཀྱི་འགན་ཁུར་བ་བཅས་ཚོགས་འདུར་ཞུགས་རྒྱུ་རེད།

ཟླ5པའི་ཚེས11ཉིན། ཕྱི་འབྲེལ་པུའུ་ཡིས་ཀྲུའུ་ཞི་ཞི་ཅིན་ཕིང་ཀྲུང་གོ་དང་ལཱ་ཏིང་མེ་གླིང་གི་གླེང་སྟེགས་སྐབས་བཞི་པའི་པུའུ་ཀྲང་རིམ་པའི་ཚོགས་འདུའི་མགོ་རྩོམ་མཛད་སྒོར་ཞུགས་རྒྱུའི་སྐོར་ནས་ཀྲུང་གོ་དང་ཕྱི་རྒྱལ་གྱི་སྨྱན་བྱད་ལ་བརྡ་ཁྱབ་ཚོགས་འདུ་བསྡུས།

ཕྱི་འབྲེལ་པུའུ་ཡིས་ཀྲུའུ་ཞི་ཞི་ཅིན་ཕིང་ད་ཐེངས་ཀྱི་ཚོགས་འདུའི་མགོ་རྩོམ་མཛད་སྒོར་ཞུགས་ཏེ་གསུང་བཤད་གལ་ཆེན་གནང་རྒྱུ་ཡིན་ལ། ཀྲུང་གོ་དང་ལཱ་ཏིང་མེ་གླིང་གི་འབྲེལ་བའི་འཕེལ་རྒྱས་ལ་ཕྱིར་དྲན་གནང་རྒྱུ་དང་། ཀྲུང་གོ་དང་ལཱ་ཏིང་མེ་གླིང་གི་ལས་སྐལ་གཅིག་མཐུན་ཚོགས་པའི་འདུ་ཤེས་གལ་ཆེན་གྱི་ནང་དོན་ཕུན་སུམ་ཚོགས་པོ་དང་ལག་ལེན་གྱི་གྲུབ་འབྲས་ཆེན་པོ། མདུན་ལམ་རྒྱ་ཆེན་པོ་བཅས་ཀྱི་ཐད་ནས་རྒྱས་བཤད་གནང་རྒྱུ་ཡིན་ཞིང་། ཀྲུང་གོ་དང་ལཱ་ཏིང་མེ་གླིང་གི་འབྲེལ་བ་འཕེལ་རྒྱས་གཏོང་བའི་གྲོས་འགོ་གསར་པ་དང་བྱེད་ཐབས་གསར་པ་བཏོན་ཏེ། ཀྲུང་གོ་དང་ལཱ་ཏིང་མེ་གླིང་གི་འབྲེལ་བ་ཡུན་རིང་དང་བརྟན་བརླིང་ངང་འཕེལ་རྒྱས་ཡོང་བར་ཁ་ཕྱོགས་གསལ་སྟོན་དང་སྒུལ་ཤུགས་གསར་པ་སྣོན་རྒྱུ་རེད། ཚོགས་འདུའི་སྟེང་ནས་གྲུབ་འབྲས་ཐོབ་པའི་ཡིག་ཆ་མང་པོ་ཞིག་ལ་གྲོས་འཆམ་འབྱུང་ངེས་ཡིན་ལ། དེའི་ནང་ཕྱོགས་གཉི་གའི་ཚན་རྩལ་གསར་གཏོད་དང་དཔལ་འབྱོར་ཉོ་ཚོང་། དངུལ་གཏོང་། མི་ཐབས་རིག་ནུས། དངུལ་རྩ། རྨང་གཞིའི་སྒྲིག་ཆས། ཞིང་ལས་འབྲུ་རིགས། བཟོ་ལས་དང་ཆ་འཕྲིན་ཅན། ནུས་ཁུངས་གཏེར་ཐོན་བཅས་ཀྱི་ཐད་ཀྱི་མཉམ་ལས་བྱེད་ཐབས་ཞིབ་ཕྲ་ཡོད་ཅིང་། ཀྲུང་གོ་དང་ལཱ་ཏིང་མེ་གླིང་གི་ཞི་བདེ་བརྩོན་ལེན་བྱེད་པ་དང་འཕེལ་རྒྱས་ལ་འཆར་འགོད་འཐེན་པ། མཉམ་ལས་ལ་སྐུལ་འདེད་གཏོང་བ་བཅས་ཐད་ཀྱི་ཆོད་སེམས་བརྟན་པོ་མངོན་ཐུབ་ཅེས་བཤད།

བན་དེ་སྐྱབས་ཀྱིས་བསྒྱུར།