ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱེད་པའི་སློབ་སྦྱོང་སློབ་གསོའི་ཀྲུང་དབྱང་མཛུབ་སྟོན་ཚན་ཆུང་བཅའ་སྡོད་བྱས།
2025.05.12 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 0

ཏང་ཀྲུང་དབྱང་གིས་ཏང་ཡོངས་སུ་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱེད་པའི་སློབ་སྦྱོང་སློབ་གསོ་སྤེལ་བའི་གཅིག་གྱུར་བཀོད་སྒྲིག་ལྟར། ཟླ5པའི་ཚེས10ཉིན་བར་དུ། ཀྲུང་དབྱང་གི་མཛུབ་སྟོན་ཚན་ཆུང་བརྒྱད་ས་གནས་དང་ལས་ཁུངས་ཉེར་གཅིག་ཏུ་བཅའ་སྡོད་བྱས་ཚར།

བཅའ་སྡོད་ཐུག་འཕྲད་ཚོགས་འདུའི་སྟེང་། ཀྲུང་དབྱང་གི་མཛུབ་སྟོན་ཚན་ཆུང་སོ་སོའི་ཚན་གཙོ་ཡིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་དང་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པའི་བླང་བྱ་བཏོན་པ་དང་། ཀྲུང་དབྱང་གི་མཛུབ་སྟོན་ཚན་ཆུང་གི་བྱ་བའི་འགན་འཁྲི་དང་བྱ་བའི་བཀོད་སྒྲིག བྱེ་བྲག་གི་བླང་བྱ་བཅས་ཡར་ཞུ་བྱས་ཏེ། སློབ་སྦྱོང་སློབ་གསོ་སྤེལ་བའི་གནས་ཚུལ་ལ་ཉན་པ་དང་། མཛུབ་སྟོན་སྤྱི་འདོམས་ཀྱི་བྱ་བར་ཞིབ་འཇུག་དང་བཀོད་སྒྲིག་བྱས།

ཀྲུང་དབྱང་གི་མཛུབ་སྟོན་ཚན་ཆུང་སོ་སོའི་ཚན་གཙོ་ཡིས་བསྟན་དོན། ཏང་ཡོངས་སུ་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱེད་པའི་སློབ་སྦྱོང་སློབ་གསོ་སྤེལ་བ་ནི་ད་ལོའི་ཏང་འཛུགས་བྱ་བའི་ལས་འགན་གཙོ་བོ་ཡིན། ཀྲུང་དབྱང་གིས་མཛུབ་སྟོན་ཚན་ཆུང་མངགས་ནས་ཁ་གཏད་རང་བཞིན་གྱིས་འབྲེལ་ཡོད་ས་གནས་དང་ལས་ཁུངས་ཀྱི་སློབ་སྦྱོང་སློབ་གསོ་དམ་འཛིན་ལ་ལྟ་སྐུལ་མཛུབ་སྟོན་བྱེད་པ་ནི་སློབ་སྦྱོང་སློབ་གསོའི་ལས་འགན་སྣ་ཚོགས་དོན་འཁྱོལ་བྱས་ནས་ཕན་འབྲས་ལེན་པ་དང་མངོན་གསལ་གནད་དོན་ཐག་གཅོད་བྱེད་པར་སྐུལ་འདེད་གཏོང་བའི་བྱེད་ཐབས་གལ་ཆེན་ཞིག་ཡིན་ཞིང་། ཏང་ཀྲུང་དབྱང་གིས་འབྲེལ་ཡོད་ས་གནས་དང་ལས་ཁུངས་ལ་ཐུགས་ཁུར་བྱས་པ་མཚོན་ཡོད།

ཀྲུང་དབྱང་གི་མཛུབ་སྟོན་ཚན་ཆུང་སོ་སོའི་ཚན་གཙོ་ཡིས་ནན་གྱིས་བསྟན་དོན། མཛུབ་སྟོན་ལྟ་སྐུལ་བྱ་བར་གནད་དོན་གྱི་ཁྲིད་ཕྱོགས་རྒྱུན་འཁྱོངས་བྱེད་པ་དང་། ལས་སྒྲུབ་ཁག་ཁུར་ནན་མོ་བྱས་ཏེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་དང་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་དང་། ཏང་ཀྲུང་དབྱང་གི་སློབ་སྦྱོང་སློབ་གསོའི་སྐོར་གྱི་བཀོད་སྒྲིག་བླང་བྱ་ལག་བསྟར་དོན་འཁྱོལ་བྱེད་པའི་གནས་ཚུལ་ལ་ལྟ་སྐུལ་ཞིབ་བཤེར་བྱེད་པ་དང་། འབྲེལ་ཡོད་ས་གནས་དང་ལས་ཁུངས་ཀྱིས་བྱེད་ཐབས་དངོས་ལ་བརྟེན་ནས་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་དང་དེའི་ལག་བསྟར་ཞིབ་སྲོལ་གྱི་དགོངས་དོན་དང་འགལ་བའི་མངོན་གསལ་གནད་དོན་ཐག་གཅོད་བྱེད་པར་ལྟ་སྐུལ་མཛུབ་སྟོན་བྱེད་པ། ཁྲིམས་འགལ་གྱིས་ཟ་འཐུང་བྱེད་པ་དང་། ཁྲིམས་འགལ་གྱིས་ལེགས་སྐྱེས་སྟེར་ལེན། མང་ཚོགས་ཀྱི་ཁེ་ཕན་ལ་གནོད་སྐྱེལ་བ། ཁག་ཁུར་དང་ལེན་མི་བྱེད་པ་སོགས་ཀྱི་མངོན་གསལ་གནད་དོན་དུས་ཐོག་ཏུ་མཐོང་བར་མ་ཟད་ཐག་གཅོད་པར་སྐུལ་འདེད་གཏོང་བ། གནད་དོན་གཅིག་ལ་ལན་མཉམ་དུ་འདེབས་པ་རྒྱུན་འཁྱོངས། གོ་རིམ་ལྡན་ཞིང་ནུས་ལྡན་སྒོས་ལྟ་སྐུལ་མཛུབ་སྟོན་བྱ་བ་སྤེལ་བ་དང་། སྣེ་གཅིག་ལ་བརྟེན་ནས་ཕྱོགས་མང་པོར་སྐུལ་འདེད་གཏོང་བ་བརྒྱུད་དེ་ཏང་ཡོངས་ཀྱི་སློབ་སྦྱོང་སློབ་གསོའི་ཐད་གྲུབ་འབྲས་ལེན་པར་སྐུལ་འདེད་གཏོང་དགོས།

འབྲེལ་ཡོད་ས་གནས་དང་ལས་ཁུངས་ཀྱི་ཏང་ཨུ་དང་ཏང་ཙུའུ་ཡི་འགན་ཁུར་མི་སྣ་གཙོ་བོས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་དང་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཏེ། ཏང་ཀྲུང་དབྱང་གི་སློབ་སྦྱོང་སློབ་གསོའི་སྐོར་གྱི་བཀོད་སྒྲིག་བླང་བྱ་ལྟར། ཆབ་སྲིད་ཀྱི་ལངས་གནས་མཐོར་འདེགས་གཏོང་བ་དང་། ཐེངས་འདིར་སློབ་སྦྱོང་སློབ་གསོ་སྤེལ་བའི་དོན་སྙིང་གལ་ཆེན་དང་ཏང་ཀྲུང་དབྱང་གིས་མངགས་པའི་ཀྲུང་དབྱང་མཛུབ་སྟོན་ཚན་ཆུང་གི་ཆབ་སྲིད་ཀྱི་ནུས་པར་གོ་བ་ཟབ་མོ་ལེན་པ། ཐེངས་འདིའི་གོ་སྐབས་དམ་འཛིན་བྱས་ཏེ། བསམ་བློ་དང་བྱ་སྤྱོད་གཉིས་ཏང་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་སྟེང་གཅིག་གྱུར་བྱེད་པ་དང་། སློབ་སྦྱོང་སློབ་གསོའི་འགན་འཁྲི་གཙོ་བོ་ཕྲག་ཏུ་བླངས་ནས། ནུས་ཤུགས་ཡོད་རྒུས་མཛུབ་སྟོན་ཚན་ཆུང་གི་བྱ་བར་གཞོགས་འདེགས་དང་རྒྱབ་སྐྱོར་བྱེད་པ་དང་། གནད་དོན་ཐག་གཅོད་བྱེད་པ། སློབ་སྦྱོང་སློབ་གསོ་རྒྱུན་ཆད་མེད་པར་གཏིང་ཟབ་ཏུ་སྤེལ་བར་སྐུལ་འདེད་གཏོང་བ་དང་། བྱ་སྤྱོད་དངོས་ལ་བརྟེན་ནས་གཏན་ཕབ་གཉིས་ལ་གོང་བཀུར་བྱེད་པ་དང་སྲུང་སྐྱོང་གཉིས་མཐའ་གཅིག་ཏུ་ལེགས་པོར་སྒྲུབ་དགོས།

ལྷ་མོ་འཚོས་བསྒྱུར།