ཉེ་ལམ། ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས《སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལྟ་ཞིབ་བྱ་བའི་སྲོལ་ཡིག》པར་འགྲེམས་བྱས་པར་མ་ཟད། བརྡ་ཐོ་བཏང་ནས་ས་གནས་དང་སྡེ་ཁག་སོ་སོས་ནན་ཏན་སྒོས་བརྩི་སྲུང་ལག་བསྟར་བྱེད་དགོས་པའི་བླང་བྱ་བཏོན།
བརྡ་ཐོའི་ནང་བསྟན་དོན།《སྲོལ་ཡིག》གིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་སྟོན་དུ་བཟུང་བ་དང་། ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་དགོངས་པ་ཕྱོགས་ཡོངས་ནས་ལག་བསྟར་བྱས་ཏེ། དུས་རབས་གསར་པའི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལྟ་ཞིབ་ཀྱི་རིགས་པའི་གཞུང་ལུགས་དང་ལག་ལེན་ཉམས་མྱོང་ཕྱོགས་བསྡོམས་བྱས་པ་དང་། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལྟ་ཞིབ་བྱ་བའི་སྒྲིག་སྲོལ་ལམ་སྲོལ་སྔར་ལས་འཐུས་ཚང་དུ་བཏང་ཡོད་ལ། དེ་ཏང་གིས་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་དང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཐད་ཁྱོན་ཡོངས་ནས་མགོ་ཁྲིད་བྱེད་རྒྱུ་རྒྱུན་འཁྱོངས་དང་དེར་ཤུགས་སྣོན་པ་དང་། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལྟ་ཞིབ་བྱ་བར་སྐུལ་འདེད་ནན་མོ་གཏོང་བ། མཛེས་སྡུག་ལྡན་པའི་ཀྲུང་གོ་འཛུགས་སྐྲུན་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བ་བཅས་ཀྱི་ཐད་དོན་སྙིང་གལ་ཆེན་ལྡན།
བརྡ་ཐོའི་ནང་ས་གནས་དང་སྡེ་ཁག་སོ་སོས《སྲོལ་ཡིག》ནན་ཏན་སྒོས་སློབ་སྦྱོང་དང་ལག་བསྟར་བྱེད་རྒྱུ་དང་། དྲིལ་སྒྲོག་དང་འགྲེལ་བཤད་བྱ་བ་དམ་འཛིན་ཡག་པོ་བྱས་ཏེ། 《སྲོལ་ཡིག》གི་གཏན་འབེབས་ཁག་དོན་ཐོག་ཏུ་འཁྱོལ་བར་འགན་ལེན་བྱེད་དགོས། མཛེས་སྡུག་ལྡན་པའི་ཀྲུང་གོ་འཛུགས་སྐྲུན་བྱེད་པའི་ཆབ་སྲིད་ཀྱི་འགན་འཁྲི་སྔར་ལས་ཇེ་དམ་དུ་བཏང་ནས། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་འགན་འཁྲིའི་ལམ་ལུགས་ཀྱི“རུ་འདྲེན”འདི་དམ་འཛིན་གང་ལེགས་བྱས་ཏེ། ཁྱོན་ཡོངས་ཀྱི་འདུ་ཤེས་སྔར་ལས་ཇེ་དྲག་ཏུ་གཏོང་བ་དང་། བྱེད་ཕྱོགས་ནན་མོ་རྒྱུན་འཁྱོངས་བྱེད་པ། དཀའ་ཁག་ལ་གདོང་གཏོད་ཕོད་པ། མུ་མཐུད་དུ་གནད་དོན་ཤེས་རྟོགས་དང་གནད་དོན་ཐག་གཅོད་ནན་མོ་བྱས་ཏེ། ཏང་ཀྲུང་དབྱང་གི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་གྱི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་བྱེད་ཤུགས་ཆེ་རུ་གཏོང་དགོས་པའི་བླང་བྱ་བཏོན།
བན་དེ་སྐྱབས་ཀྱིས་བསྒྱུར།