ཟླ5པའི་ཚེས12ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་ལིས་ཞི་ཡིས་པེ་ཅིང་དུ། ཀྲུང་གོར་ཀྲུང་གོ་དང་ལཱ་ཏིང་མེ་གླིང་གི་གླེང་སྟེགས་སྐབས་བཞི་པའི་པུའུ་ཀྲང་རིམ་པའི་ཚོགས་འདུར་ཞུགས་པར་ཡོང་བའི་ཁུ་པ་རྒྱལ་ཁབ་ཀྱི་ཕྱི་འབྲེལ་པུའུ་ཡི་པུའུ་ཀྲང་ལའོ་ཏི་ལིས་ཀི་སི་ལ་མཇལ་འཕྲད་གནང་།
ལིས་ཞི་ཡིས་ཀྲུའུ་ཞི་ཞི་ཅིན་ཕིང་དང་ཀྲུའུ་ཞི་ཏིས་ཡཱ་ཟི-ཁཱ་ནེ་ཨར་གྱི་འཐབ་ཇུས་སྣེ་སྟོན་འོག་ཏུ། ཀྲུང་གོ་དང་ཁུ་པའི་ལས་སྐལ་གཅིག་མཐུན་ཚོགས་པའི་འཛུགས་སྐྲུན་ལས་དོན་ལ་འབྲས་བུ་གསར་པ་ཆད་མེད་དུ་ཐོབ་ཡོད། ད་ལོ་ནི་ཀྲུང་གོ་དང་ཁུ་པའི་བར་འབྲེལ་བ་བཙུགས་ནས་ལོ65འཁོར་བའི་ལོ་ཡིན་པས། ཀྲུང་གོ་ཕྱོགས་ཀྱིས་ཁུ་པ་རང་རྒྱལ་ཁབ་ཀྱི་གནས་ཚུལ་དང་མཐུན་པའི་སྤྱི་ཚོགས་རིང་ལུགས་ཀྱི་འཕེལ་རྒྱས་བགྲོད་ལམ་སྟེང་སྐྱོད་རྒྱུར་སྔར་བཞིན་བློ་བརྟན་འགྱུར་མེད་ངང་རྒྱབ་སྐྱོར་བྱེད་རྒྱུ་ཡིན་ལ། ཁུ་པ་ཕྱོགས་དང་མཉམ་དུ། ཆབ་སྲིད་ཀྱི་ཕན་ཚུན་ཡིད་ཆེས་སྔར་ལས་ཇེ་བརྟན་དུ་གཏོང་བ་དང་། ཕན་ཚུན་བར་གྱི་བརྗེ་རེས་དང་ཕན་ཚུན་དཔྱད་གཞིར་འཛིན་པའི་ལས་དོན་ལ་ཤུགས་སྣོན་པ། འཐབ་ཇུས་མཉམ་ལས་དམ་ཟབ་བཅས་བྱས་ནས། ཀྲུང་གོ་དང་ཁུ་པའི་ཏང་གཉིས་དང་རྒྱལ་ཁབ་གཉིས་ཀྱི་དམིགས་བསལ་མཛའ་མཐུན་འབྲེལ་བར་རྒྱུན་ཆད་མེད་པར་འཕེལ་རྒྱས་གསར་པ་ཡོང་བར་སྐུལ་འདེད་གཏོང་འདོད་ཡོད་ཅེས་བསྟན། ལིས་ཞི་ཡིས་ད་དུང་ཀྲུང་གུང་ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པ་དང་། ཀྲུང་གོ་གུང་ཁྲན་ཏང་གིས་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱེད་པའི་སློབ་སྦྱོང་སློབ་གསོ་སྤེལ་བའི་གནས་ཚུལ་ངོ་སྤྲོད་བྱས།
ལའོ་ཏི་ལིས་ཀི་སི་ཡིས་ཀྲུང་གོ་ཕྱོགས་ཀྱིས་ཁུ་པའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་རྒྱབ་སྐྱོར་ཆེན་པོ་གནང་བར་ཐུགས་རྗེ་ཆེ་ཞུས་པ་ཡིན་ལ། ཁུ་པ་ཕྱོགས་ཀྱིས་ཀྲུང་གོ་གཅིག་གི་རྩ་དོན་བློ་བརྟན་འགྱུར་མེད་ལག་བསྟར་བྱས་ནས། རྒྱལ་ཁབ་གཉི་གའི་མཛའ་མཐུན་འབྲེལ་བ་སྔར་ལས་ཟབ་སྤེལ་གཏོང་བ་དང་། ལ་ཏིང་མེ་གླིང་དང་ཀྲུང་གོའི་འབྲེལ་བ་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་འདོད་ཡོད་ཅེས་བསྟན།
བན་དེ་སྐྱབས་ཀྱིས་བསྒྱུར།